ད་ལོ་ཡང་ཐེ་བོའི་ནགས་ཚལ་ལ་མེ་སྐྱོན་བྱུང་འདུག

ཀན་སུའུ་ཞིང་ཆེན་གྱི་ས་ཁོངས་ནགས་ཚལ་གྱི་ཁྱབ་ཚད་བརྒྱ་ཆ་ ༦༤ ཡན་ཡིན་ལུགས་བརྗོད་པའི་ཐེ་བོ་རྫོང་བྱ་འབབ་ཡུལ་ཚོའི་ཉེ་ཁུལ་ནགས་ཚལ་ནང་མེ་སྐྱོན་བྱུང་སྟེ་ད་དུང་གསོད་ཐུབ་ཀྱི་མེད་འདུགཁ་སང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༡།༢༥ ཐོག་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་བྱ་འབབ་ཡུལ་ཚོའི་ཉེ་ཁུལ་གྱི་ནགས་ཚལ་ནང་མེ་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་མེ་གསོད་རུ་ཁག་བཏང་ཡོད་ན་ཡང་། མེ་སྐྱོན་བྱུང་ཡུལ་རི་ཧ་ཅང་གཟར་བ་དང་ལྷག་རླུང་རྒྱུ་ཕྱོགས་ཀྱིས་མེ་གསོད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བཏང་བའི་གནས་ཚུལ་ནང་མེ་སྐྱོན་ཤོར་བ་དང་སྐར་མ་ ༢༠ ནང་ས་གནས་མེ་གསོད་རུ་ཁག་གི་མི་ ༣༠ ཙམ་འབྱོར་ཡོད་ན་ཡང་། མེ་ཤུགས་ཧ་ཅང་ཆེ་བས་ཉེ་སར་བཅར་མི་ཐུབ་པ་དང་ཆུ་འདྲེན་རླངས་འཁོར་གཏོང་མི་ཐུབ་པ་སོགས་ཀྱིས་མདང་ནུབ་མེ་གསོད་ཐུབ་མེད་པ་དང་། དེ་རིང་ནས་ཀན་སུའུ་ཞིང་ཆེན་ནགས་ཚལ་མེ་གསོད་རུ་ཁག་གི་ཡན་ལག་རུ་ཁག་དང་། རྒྱ་ནག་ལན་ཀྲུའུ་མེ་གསོད་རུ་ཁག  འབྲུག་དཀར་གཙང་པོ་ནགས་ཚལ་ལྟ་སྐྱོང་ཆེད་ལས་མེ་གསོད་རུ་ཁག་དང་ནགས་རིའི་ལས་བཟོ་བ་སོགས་མི་གྲངས་ ༢༠༠ མེ་གསོད་དུ་འབྱོར་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༠༦ ལོར་ཐེ་བོའི་ནགས་ཚལ་ནང་མེ་སྐྱོན་ཆེན་པོ་བྱུང་སྟེ་ཉིན་མང་པོའི་རིང་མེ་གསོད་ཐུབ་མེད་པ་དང་། མེ་བསད་ཚར་རྗེས་ཀྱི་ཉིན་ཤས་ནང་རྒྱ་ནག་གཞུང་གིས་མེ་སྐྱོན་མ་བྱུང་བའི་ཤུལ་ལུས་སྡོང་པོ་ཚང་མ་བཅད་ནས་རྒྱ་ནག་ནང་དབོར་འདྲེན་བྱས་ཡོད་པ་དང་། སྐབས་དེར་མི་མང་ཁྲོད་མེ་སྐྱོན་དེ་ཤིང་ནགས་གཅོད་འབྲེག་ཆེད་དུ་འབར་བཅུག་པ་ཡིན་ལུགས་དོགས་སློང་དང་གླེང་གཞི་བྱུང་ཡོད་འདུག

ཡང་ཕྱི་ལོ་ ༢༠༡༣  ཟླ་ ༢ ཚེས་ ༦ ཉིན་བསྐྱར་དུ་ཐེ་བོ་སྨད་ལྷ་གཟིགས་འགག་ཤིང་ཏོག་སྡེ་བའི་ནགས་ཚལ་ལ་མེ་སྐྱོན་བྱུང་སྟེ་སེམས་ཅན་མང་པོར་མེ་སྐྱོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་བསྐྱར་དུ་ཐེ་བོའི་སྟག་ར་ནགས་རིའི་ནང་མེ་སྐྱོན་ཆེན་པོ་ཤོར་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་མེ་སྐྱོན་དེ་ཁྱོན་ཉིན་མཚན་ ༩ རིང་གསོད་ཐུབ་མེད་པ་དང་། མེ་སྐྱོན་གྱིས་རི་ཉིལ་བ་དང་། རྦབ་རྡོ་འདྲིལ་བ། ས་རྡིབ་པ་སོགས་བྱུང་བའི་གནས་ཚུལ་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཐེ་བོ་འབྲུག་ཆུ་རྫོང་དུ་ཆུ་ལོག་དང་རི་ཉིལ་ཆེན་པོ་བྱུང་སྟེ་མི་གྲངས་ ༡༡༡༧ རྐྱེན་འདས་སུ་སོང་ཡོད་པ་དང་། སྐབས་དེར་མི་མང་ཁྲོད་ཆུ་ལོག་དང་རི་ཉིལ་ཡང་ཡང་བྱུང་བཞིན་པ་དེ་ཤིང་ནགས་གཅོད་འབྲེག་ཤུགས་ཆེན་བྱས་པའི་རྐྱེན་གྱིས་ཡིན་སྐོར་བསམ་ཚུལ་ཤུགས་ཆེན་པོ་བསླེབས་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་མི་མང་གི་བསམ་ཚུལ་ལ་ཉན་འཇོག་བྱས་མེད་འདུག

སྔར་ལོ་རྒྱ་ནག་གཞུང་ངོས་ནས་བཏོན་པའི་ཐེ་བོའི་ནགས་ཚལ་སྐོར་གྱི་གནས་ཚུལ་ཞིག་གི་ནང་། ཐེ་བོ་རྫོང་ཁོངས་ཀྱི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ལེ་ ༤༧.༠༡ ཡིན་པ་དང་ནགས་ཚལ་གྱི་ས་ངོས་ཁེབས་ཚད་བརྒྱ་ཆ་ ༦༥ ཡན་ཟིན་ཡོད་པ་དང་། ནགས་ཚལ་དེ་དག་ཁྲོད་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་ ༣༠༠༠ དང་རི་སྐྱེས་རྩི་ཤིང་གི་རིགས་ཁྱོན་ ༣༡༩ ཡོད་པ་དང་། གཞན་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རྩ་ཆེ་ལ་སྟོང་ཉེར་ཡོད་པའི་དོམ་ཁྲ་དང་། གསའ། ཤྭ་བ་སོགས་བདག་ཏུ་མ་བཟུང་བའི་སྲུང་སྐྱོང་སྲོག་ཆགས་འཚོ་གནས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དགུན་དུས་སུ་ཤིང་ནགས་དང་རྩི་ཤིང་རིགས་སྐམ་པོ་ཡིན་པས་མེ་སྐྱོན་བྱུང་ཧ་ཅང་སླ་བ་ཡོད་པར་བརྟེན། བོད་ཁུལ་སྤྱི་ཡོངས་ནང་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་བའི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས་ ༡ ནས་ ༨ བར་སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་མུ་ལི་བོད་རིགས་རང་སྐྱོང་རྫོང་གི་ཤིང་ནགས་ནང་མེ་སྐྱོན་ཆེན་པོ་བྱུང་སྟེ། མེ་གསོད་མཁན་སོགས་མི་གྲངས་ ༣༠ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༣ ལོའི་ནང་ཉིན་གྲངས་ ༤༠ ཙམ་གྱི་ནང་ལི་ཐང་དགོན་ཆེན་དང་གསེར་རྟ་བླ་རུང་སྒར། རྒྱལ་ཐང་རྫོང་དང་ཉག་ཆུ་རྫོང་། མཛོད་དགེ་བྱ་མེའི་རྩྭ་ཐང་སོགས་སུ་མེ་སྐྱོན་ཆེན་པོ་བྱུང་སྟེ་རྒྱུ་ནོར་སོགས་ལ་གྱོང་གུད་ཚབས་ཆེན་ཕོག་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༦ ལོར་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་ནགས་རི་ཞིག་ཏུ་མེ་སྐྱོན་ཆེན་པོ་བྱུང་བར་ས་གནས་སྲིད་གཞུང་གི་མི་སྣ་ཚོས་རྒྱང་ལྟ་རེ་བྱས་པ་ལས་མེ་གསོད་ཐབས་མ་བྱས་པར་བརྟེན། ཉིན་ཞག་ ༦ ལྷག་རིང་མེ་མཚམས་མ་ཆད་པར་འབར་ཏེ་ཤིང་ནགས་དང་སེམས་ཅན་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད།

རྔ་བ་ཁུལ་དང་ཀན་ལྷོ་ཁུལ་ལྟ་བུར་ཆ་བཞག་ན། རྒྱ་གཞུང་གིས་ནགས་ཚལ་ཆེ་ཁུལ་དུ་ནགས་སྲུང་བ་ཟེར་བ་ཞིག་ལ་ཟླ་གླ་སྤྲད་ནས་ལྟ་སྲུང་བྱེད་དུ་འཇུག་བཞིན་ཡོད་སྟབས། ས་གནས་བོད་མི་ཚོས་ཐ་ན་སྡོད་ཁང་རྒྱག་བྱེད་ཀྱི་ཀ་བའང་མཚན་མོར་སོང་ནས་དབོར་འདྲེན་བྱེད་དགོས་ཀྱི་ཡོད་ལ། གལ་སྲིད་ནགས་སྲུང་བས་ཤེས་རྟོགས་བྱུང་ཚེ། ནགས་ཚལ་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་ཏེ་ཉེས་ཆད་ལྕི་མོ་གཅོད་བཞིན་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་རང་ནས་རྩོམ་སྒྲིག་བྱས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤིང་ནགས་སྐོར་གྱི་ཡིག་ཆ་ཞིག་གི་ནང་། སྲིད་གཞུང་གིས་ཀན་ལྷོ་ནས་གཅོད་འབྲེག་བྱས་པའི་ཤིང་ནགས་ཀྱི་ཡོང་འབབ་དེ་ས་གནས་དེའི་ལོ་ངོ་ ༢༠ ལྷག་རིང་གི་ནོར་སྲིད་སྤྱིའི་འགྲོ་གྲོན་དང་མཉམ་ཡོད་ལ། སི་ཁྲོན་གྱི་བོད་ཁུལ་དུ་ཆེད་འཛུགས་བྱས་པའི་ནགས་ལས་ཚོང་གཉེར་ལྟེ་བ་ ༡༥ ཡིས། འདས་པའི་ལོ་ངོ་ ༣༠ ནང་ཉུང་མཐར་ཤིང་ནགས་སྨི་གྲུ་བཞི་ལྷམ་པ་ས་ཡ་ ༩༦༠༠ གཅོད་འབྲེག་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།

དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་རང་བྱུང་ཁོར་ཡུག་དང་ཤིང་ནགས་སྐོར་གྱི་སྙན་ཐོའི་ནང་བཀོད་པ་ལྟར་ན།   བོད་ཁུལ་ཤིང་ནགས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་གཉིས་ལྷག་(༢༢༡༨༠༠)ཟིན་གྱི་ཡོད་ཀྱང་། ཕྱི་ལོ་ ༡༩༨༥ ལོར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གསུམ་བཞི་སྟོང་དུ་མར་ཆགས་ཡོད་པ་རེད། རྒྱ་ནག་གཞུང་གིས་བསྒྲགས་པའི་ཤིང་ནགས་སྐོར་གྱི་ཡིག་ཆའི་ནང་ཤིང་ནགས་ཀྱིས་བོད་ཀྱི་ས་ཁྱོན་སྤྱིའི་བརྒྱ་ཆ་དྲུག་ཟིན་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་། རྒྱ་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། ཤིང་ནགས་ཀྱི་ཐོན་ཁུངས་ཧ་ཅང་ཕྱུག་པོ་ཡིན་པའི་བོད་ཁུལ་གྱི་ཤར་ལྷོའི་ཕྱོགས་དང་བྱང་ཤར་ཁུལ་དུ་ནགས་ལས་ཚོང་གཉེར་ལྟེ་བ་བཅུ་གྲངས་ཤིག་ཆེད་འཛུགས་ཀྱིས། ལས་བཟོ་བ་སྟོང་ཕྲག་མང་པོས་དབྱར་དགུན་སྟོན་དཔྱིད་མེད་པར་ཤིང་ནགས་ཕོན་ཆེན་གཅོད་འབྲེག་གིས་རྒྱ་ནག་ནང་ལོགས་སུ་དབོར་འདྲེན་བྱས་དང་བྱེད་བཞིན་པར་བརྟེན། བོད་ཁུལ་གྱི་རང་བྱུང་ཤིང་ནགས་ཀྱི་ཐོན་ཁུངས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༢༦

Leave a Reply