༧པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་རོགས།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་ཨ་རིའི་གྲོས་ཚོགས་འོག་མའི་ཊོམ་ལན་ཌོ་སི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ནས་རྒྱ་ནག་གཞུང་ལ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་ཆ་རྐྱེན་གང་ཡང་མེད་པར་ཀློད་གྲོལ་དགོས་པའི་དགོས་འདུན་བཏོན་འདུགཁ་སང་ཕྱི་ཚེས་ ༢༥ སྟེ་༧པཎ་ཆེན་ཡང་སྲིད་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་བའི་ཐོག ལྷན་ཚོགས་དེའི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱི་མཚན་ཐོག་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲིའི་ཡི་གེ་ཞིག་བཀོད་འདུག་པ་དེའི་ནང་། ཡིད་སྐྱོ་བའི་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཀྱིས་བོད་བརྒྱུད་ནང་བསྟན་དང་ཡང་སྲིད་ལམ་ལུགས་རྒྱ་ནག་གཞུང་གིས་ཆབ་སྲིད་རང་བཞིན་ཅན་ཏུ་བསྒྱུར་བཞིན་པ་མཚོན་གྱི་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ནི་དུག་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བདུད་ལྟ་བུ་ཞིག་ཏུ་ངོས་འཛིན་དང་། དེ་བཞིན་བོད་ནང་གི་དགོན་པ་དང་བོད་མི་ཚོར་བཙན་དབང་གིས་དམར་ཤོག་གི་མགོ་འཁྲིད་ལ་དད་གུས་བྱེད་དུ་འཇུག་གི་ཡོད་པ་དང་། ༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐག་གཅོད་ཐད་ཐོབ་ཐང་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད། ཅེས་དང་། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་ཡོད་ཀྱང་། སུ་གང་གིས་ཀྱང་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཡིན་པ་འགྱུར་བ་གཏོང་མི་ཐུབ་པ་དང་། ཨ་རིའི་གྲོས་ཚོགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་དང་བོད་མིའི་ཆོད་དད་ཐད་གྲོས་ཆོད་བཞག་ཡོད་པ་དེའི་སྐོར་སོགས་བཀོད་འདུག

ཡང་ཡི་གེ་དེའི་ནང་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ངས་ང་ཚོའི་སྲིད་འཛིན་མཆོག་དང་ཕྱི་སྲིད་དྲུང་ཆེ་མཆོག་གཉིས་ལ་གོ་ལའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་ཀྱི་ཁྲིམས་གཞི་ (Global Magnitsky Human Rights Accountability Act) འོག རྒྱ་ནག་གཞུང་གི་ལས་བྱེད་དང་ལས་ཁུངས་ཁག་ལ་ཆོས་དད་རང་དབང་རྡོལ་རོལ་གཏོང་བཞིན་པའི་ཉེས་ཆད་གཅོད་པ་དང་། ༧པཎ་ཆེན་རིན་པོ་ཆེ་མཆོག་འཚོལ་ཞིབ་དང་མགྱོགས་མྱུར་ངང་ཆ་རྐྱེན་གང་ཡང་མེད་པར་ཀློད་གྲོལ་འཐོབ་ཆེད་མུ་མཐུད་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་ལག་བསྟར་བྱེད་དགོས་པ་ནན་སྐུལ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

དེ་བཞིན་༧པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ཊོམ་ལན་ཌོ་སི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ (Tom Lantos Human Rights Commission) དང་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཁང་གི་ཚོགས་གཙོ་སྐུ་ཞབས་ཇིམ་མེག་གྷ་ཝན་ (Jim McGovern) ལགས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ༧པཎ་ཆེན་རིན་པོ་ཆེ་ངོ་མ་དེ་གར་སོང་ཆ་མེད་དུ་གྱུར་པ་ནས་༧ཁོང་གི་སྐོར་ལ་གོ་ཐོས་གང་ཡང་མ་བྱུང་བར་ལོ་ངོ་ ༢༤ ཙམ་འགྲོ་ཡི་ཡོད་པ་དང་། ༧ཁོང་གིས་རང་ཉིད་ཀྱི་འཁྲུངས་སྐར་ཐེངས་ ༣༠ དེ་འཛམ་གླིང་གི་བཙོན་པ་རྒྱུན་རིང་ཤོས་ཅིག་ཏུ་གྱུར་ནས་རོལ་གྱི་ཡོད་པ་རེད། དེ་རིང་ངས་བསྐྱར་དུ་རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ་དང་། རྒྱལ་སྤྱིའི་སྟེང་ཁས་ལེན་བྱས་པའི་ཆོས་དད་རང་དབང་ལ་བརྩི་བཀུར་བྱེད་པའི་དགོས་འདུན་འདོན་གྱི་ཡོད། ཅེས་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༤/༢༦

Leave a Reply