སྤྱི་འཐུས་བློ་བཟང་ཆོས་འབྱོར།
སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༤ པར་བཀའ་བློན་གྱི་འོས་གཞིར་གསང་བའི་འོས་ཤོག་བླུགས་རྗེས་བརྒྱ་ཆའི་གྲངས་ཀ་བརྩི་ཕྱོགས་ཐད། གྲོས་ཚོགས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་བར་མཐུན་མིན་བྱུང་སྟེ། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་ཁྱབ་སྤེལ་བྱུང་བ་མ་ཟད། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཤོག་ལྷེ་ ༩ ཅན་གྱི་གསར་འགོད་གསལ་བསྒྲགས་ཤིག་ཡོངས་བསྒྲགས་གནང་། གནད་དོན་འདི་བཞིན་མགོ་ཉོག་ཚ་པོ་ཞིག་མིན་ཀྱང་། བཀུར་འོས་རྒྱ་ཆེ་མི་མང་ལ་གོ་བརྡ་སྤྲོད་ཕྱོགས་ཀྱི་དབང་གིས་མགོ་ཉོག་ཚ་རུ་དང་ཞིབ་ཚགས་མཁྱེན་རྒྱུར་སུན་སྣང་ཆེ་རུ་བཏང་ཡོད། ཡིག་ཐོག་ཏུ་རྒྱ་ཁྱབ་གསལ་བསྒྲགས་སྤེལ་སྐབས་ངེས་པར་གནད་འདུས་པ། གོ་བདེ་བ། གོ་བདེ་བ་དེ་ཡང་ཚང་ལ་མ་ནོར་བ། ལག་ཏུ་ལེན་བདེ་བ་ཞིག་དགོས་པ་ཞུ་མ་དགོས་ཀྱང་། དེ་ལྟར་བྱུང་མེད་པ་ནི་ཞན་ཆ་ཡིན་ཡང་བྱ་ཐབས་ཟད།
ཆེས་བཀུར་བར་འོས་པའི་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྤྱི་ཁྱབ་ཁྲིམས་དྲུང་བཅས་པ་ཡང་གུས་པ་ལྟར་བསྐོས་པའི་ཐུགས་འགན་སྟེང་གསར་པ་ཡིན་པ་དང་། ལྷག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལམ་ལུགས་དང་ཁྲིམས་སྒྲིག་དགོངས་དོན་ལྟར་གྱི་ཚོགས་འདུའི་འགྲོ་ལུགས་གཉིས་ཀར་ཐུགས་རྒྱུས་ཆེར་མེད་སྟབས། བཅའ་ཁྲིམས་དོན་ཚན་ ༢༢ དང་འབྲེལ་བའི་ཀླན་ཀ་བྱུང་བ་ནི་སྨྲས་མེད་ཅིག་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྲིད་པ་ས་ལ་ཆགས་པ་ཙམ་ནས་མིན་པར། སྐབས་ ༡༡ ནས་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་རྗེས་ཀྱང་། སྒྲིག་གཞིར་མ་གསལ་བའི་སྲོལ་རྒྱུན་ནམ་ལམ་ལུགས་རྩ་ཆེར་བཟུང་ཡོད་ལ། ལམ་ལུགས་དེ་དག་ལ་འགྱུར་བ་གཏོང་དགོས་བྱུང་ཚེ་ཚོགས་གཙོ་སྦྲེལ་པོས་བཀའ་གནང་བའམ། ཡང་ན་སྤྱི་འཐུས་གང་ཡང་རུང་བས་གྲོས་འཆར་བཏོན་པར་དགག་བྱ་མ་བྱུང་ཚེ་འགྱུར་བ་གཏོང་འཐུས་ཀྱི་ལམ་ཁ་བཏོད་ཡོད། ལམ་ཁ་བཏོད་མཁན་དེ་དག་ཀྱང་བཅའ་ཁྲིམས་དང་གྲོས་ཚོགས་ཀྱི་འགྲོ་ལུགས་གཉིས་ཀའི་ཡབ་ཆེན་ལྟ་བུར་གྱུར་བ་དག་ཡིན་པས། ཁྲིམས་སྒྲིག་ཡོད་ཚད་ཡིག་ཐོག་ཏུ་ཡོད་དགོས་པའི་ངེས་པ་མེད་པའང་གནད་འདི་དག་ལ་ཐུག་པ་མིན་ནམ་སྙམ།
དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤེལ་བའི་ཤོག་ལྷེ་ ༩ ཅན་གྱི་གསར་འགོད་གསལ་བསྒྲགས་ནང་ངོས་ལེན་ཞུ་དགོས་པའི་གནད་དོན་ཁ་ཤས་འདུག་པ་ནི། བཅའ་ཁྲིམས་དོན་ཚན་ ༤༦ པ་དང་། དོན་ཚན་ ༤༩ ནང་གསེས་ ༡། དོན་ཚན་ ༥༨ ནང་གསེས་ ༡ ། ༢། བཅས་ཀྱི་གོ་དོན་ནི་དེ་ག་རང་ཡིན་ཅིང་། དེ་དག་ནི་ད་ཆ་གསལ་བོ་ཆགས་ཟིན་པས་གླེང་སློང་བྱེད་དགོས་མ་མཐོང་ཡང་། བཀའ་བློན་འོས་འདེམས་བྱས་རྗེས་ཀྱི་རྗེས་འབྲེལ་ཀླན་ཀའི་རིགས་ལ་འཐམས་ཏེ་དོན་གནད་ལྟེ་བ་ཟུར་འཇོག་བྱེད་ཐབས་མེད་པས། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༢༢ པར་འགྲེལ་བཤད་བསྐྱོན་སྟངས་ཀྱི་གནད་འགག་ཁ་ཤས་གསལ་བཟོ་དགོས་པ་དུས་ལ་བབ་འདུག་སྙམ།
དོན་ཚན་ ༢༢ པ་ཇི་བཞིན་བཀོད་ན། ”འདེམས་ཐོན་ཐོག་དམ་འབུལ་ཟིན་པའི་སྲིད་སྐྱོང་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅའ་ཁྲིམས་དོན་ཚན་ ༢༡ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་རྒྱུ་དང་། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱེད་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ། གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ལ་སྲིད་སྐྱོང་གིས་བཀའ་བློན་དུ་བསྐོ་བཞག་བྱ་རྒྱུ། སྲིད་སྐྱོང་གིས་བཏོན་པའི་འོས་གཞི་ཡོངས་རྫོགས་སམ་གང་རུང་ལ་མང་མོས་མ་ཐོབ་ཚེ་འོས་གཞི་གསར་པ་སྲིད་སྐྱོང་གིས་གོང་བཞིན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ།”ཞེས་གསལ་བ་ལས། གཅིག བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་དགོས་པ་དང་། གཉིས། འོས་འཕེན་མཁན་ནི་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཡིན་པ། གསུམ། འོས་ཤོག་འཕེན་སྟངས་ནི་གསང་བའི་འོས་ཤོག་བསྡུ་དགོས་པ་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནད་འགག་ཏུ་བརྩིས་ཡོད། དེ་ལ་རྩོད་གཞི་གང་ཡང་མེད། ཚིག་གི་ངོ་གདོང་ནས་སུས་གཟིགས་ཀྱང་མཁྱེན་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པས། དེ་ལ་འགྲེལ་བརྗོད་དང་རྩོད་གླེང་ཡོང་ཤེས་མེད།
འོན་ཀྱང་། བཅའ་སྒྲིག་ཁག་གི་དགོངས་དོན་གཞིར་བཟུང་གྲོས་ཚོགས་གཙོ་སྐྱོང་བྱེད་སྲོལ་དང་མཉམ་དུ། གོང་དུ་ཞུས་པ་བཞིན་སྲོལ་རྒྱུན་ནམ་ལམ་ལུགས་ཀྱི་དབང་དུ་བྱས་པའི་གྲོས་ཚོགས་གཙོ་སྐྱོང་བྱེད་སྲོལ་ཡོད་པའང་མ་མཁྱེན་ན་ཚང་ལ་མ་ནོར་བ་ཞུ་བ་དེ་ཡོང་ཐབས་བྲལ། དེའི་རྐྱེན། གཅིག ལམ་སྲོལ་གྱི་དབང་དུ་བྱས་ན་ཚོགས་གཙོ་སྦྲེལ་པོ་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཞུགས་ཀྱི་མེད་པ། གཉིས། ངོ་ཡོད་སྤྱི་འཐུས་ཀྱི་གྲངས་ཀ་བརྩི་སྐབས་ཚོགས་གཙོ་སྦྲེལ་པོ་དེའི་ཁོངས་བརྩི་དགོས་ཀྱི་མེད་པ། གསུམ། ལམ་ལུགས་དང་སྲོལ་རྒྱུན་དེ་རིགས་ལ་འགྱུར་བ་གཏོང་སྟངས་ཚོགས་གཙོ་སྦྲེལ་པོས་ཐག་གཅོད་དམ། སྤྱི་འཐུས་སུ་རུང་གིས་གྲོས་ཚོགས་སུ་གྲོས་ཆོད་འཁྱེར་ཏེ་སྤྱི་མོས་མང་མོས་གང་རུང་ཐོབ་པའམ། གཞུང་འབྲེལ་གྲོས་ཆོད་ཀྱི་ལམ་ནས་རྒྱབ་སྐྱོར་ཐོབ་སྟེ་གྲོས་ཚོགས་ཀྱིས་ལམ་སྟོན་ཕེབས་ན་མ་གཏོགས་སྲོལ་རྒྱུན་ནམ་ལམ་ལུགས་ལ་འགྱུར་བ་གཏོང་གཞི་མི་འདུག་ལ། ལྷག་པར་གནད་དོན་བྱེ་བྲག་པ་ཞིག་དང་འབྲེལ་ཏེ་བཅའ་སྒྲིག་དགོངས་དོན་དང་ལམ་ལུགས་བར་རྩོད་པ་བྱུང་ཚེ། དེ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རང་ཁོ་ནས་རྗེས་མའི་བྱེད་ཕྱོགས་ཐག་གཅོད་ལམ་སྟོན་གསལ་བོ་གནང་རྒྱུ་ལས་ཐབས་གཞན་མེད་པ་གསལ་བོ་རེད། དེའི་ཆ་ནས་བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་བཀའ་བློན་འོས་འདེམས་གནང་ཡོད་ཀྱང་། ཚོགས་གཙོས་འོས་འཕེན་མིན་དང་ངོ་ཡོད་གྲངས་ཀ་བརྩི་སྟངས་བཅས་པ་སྔར་གྱི་སྲོལ་རྒྱུན་ལྟར་གནང་ཡོད་པས། གྲོས་ཚོགས་ཀྱི་ཐག་གཅོད་དེར་ནོར་འཁྲུལ་གང་ཡང་ཤོར་མེད།
དེའི་ཁུངས་ལུང་ཅི་ལྟར་ཡོད་ཅེ་ན། སྐབས་ ༡༡ གྲོས་ཚོགས་ཚོགས་དུས་ ༩ སྟེང་། ཚོགས་གཙོ་སྦྲེལ་པོར་གྲོས་ཚོགས་ནང་འོས་ཤོག་འཕེན་པའི་ཐོབ་ཐང་ཡོད་པ་མ་རེད་ཅེས་པའི་གོ་དོན་ཅི་ཡིན་ལ་ལས་རིམ་རྣམ་བཞག་བཏོན་པར། སྐབས་དེའི་དཔལ་ལྡན་ཚོགས་གཙོ་མཆོག་གིས། ”སྐབས་བཅུ་པ་ཕན་ཆད་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཙོ་གཅིག་དང་ཚོགས་གཞོན་གཅིག་ས་མིག་ཐོག་འོས་འདེམས་བྱས་སྲོལ་འདུག་ཅིང་། ཚོགས་གཙོའི་ལས་དོན་སྒྲུབ་པའི་སྐབས་སུ། གཉིས་ཀ་འདྲ་མཉམ་གྱིས་ལས་དོན་བསྒྲུབས་སྲོལ་འདུག དེའི་ཕྱིར་ཚོགས་གཙོ་ཚོགས་གཞོན་གཉིས་ཀ་ལ་གྲོས་ཚོགས་སུ་གྲོས་གཞིའི་ཐོག་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སུ་སྐད་ཆ་ཤོད་རྒྱུ་དང་འོས་བསྡུའི་ཐོབ་ཐང་མེད་པ་སྲོལ་རྒྱུན་ལས་བྱུང་འདུག་”ཅེས་དང་། ཡང་”དེ་འདྲ་ཡིན་ཙང་ང་ཚོ་སྐབས་བཅུ་གཅིག་པའི་གྲོས་ཚོགས་སུ་བཅའ་ཁྲིམས་གཏན་འབེབས་བྱས་པའི་རྗེས་ལ་འདེམས་ཐོན་བྱུང་བའི་ཚོགས་གཙོ་གཉིས་ཀྱིས་གྲོས་བྱས་ཏེ་དུས་ཚོད་གཅིག་ལ་ཚོགས་གཙོ་གཅིག་གིས་ལས་ཀ་བྱེད་རྒྱུ་དེ་ལ་གྲོས་འཆམ་བྱུང་བ་རེད། འོན་ཀྱང་ཚོགས་གཙོ་གཞོན་པ་གྲོས་ཚོགས་སུ་བཞུགས་ཀྱང་གྲོས་གཞིའི་ཐོག་ཕྱོགས་འཛིན་གྱི་གསུང་བཤད་དང་འོས་བསྡུའི་ནང་ཆ་ཤས་མི་ལེན་པའི་སྲོལ་རྒྱུན་ཞིག་བཙུགས་པ་རེད། སྲོལ་རྒྱུན་དེ་ད་ལྟ་ཕན་ཆད་ལ་ལག་ལེན་བསྟར་བ་ལས་སྒྲིག་གཞི་གང་གི་ནང་ལའང་ཚོགས་གཙོ་བཞུགས་སྐབས་སུ་ཚོགས་གཞོན་གྱིས་སྨྲ་བརྗོད་དང་འོས་བསྡུའི་ནང་ཆ་ཤས་ལེན་མི་ཆོག་ཅེས་གསལ་མེད། ཚོགས་གཙོ་གཞོན་པའི་གོ་གནས་སུ་འདེམས་ཐོན་བྱུང་བའི་ཆ་ནས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་གཏམ་བཤད་མི་བྱེད་པ་དང་། འོས་བསྡུའི་ནང་ཆ་ཤས་མི་ལེན་པའི་ལུགས་སྲོལ་ཞིག་བཙུགས་པ་རེད། སྲོལ་རྒྱུན་དེ་ལག་ལེན་བྱེད་ཀྱི་ཡོད་ཙང་། ཚོགས་གཙོ་གཉིས་ཕུད་པའི་མི་འབོར་དེ་ཕན་གནོད་འདྲེས་པའི་གྲངས་ཀའི་ནང་བརྩི་གི་ཡོད་ཅེས་ཞུས་པའི་རྒྱུ་མཚན་དེ་ལྟར་རེད། ད་རེས་སྲོལ་རྒྱུན་དེ་གཞི་བཞག་ནས་འགྲོ་དགོས་པ་ལས་ད་ལྟ་འོས་བསྡུ་བྱེད་ཁར་སྲོལ་རྒྱུན་དེར་འགྱུར་བ་གཏོང་དགོས་གསུངས་ན་འགྲིག་གི་མ་རེད། སྲོལ་རྒྱུན་དེ་ལ་འགྱུར་བ་གཏང་དགོས་པ་ཞིག་ཆགས་པ་ཡིན་ན། གྲོས་ཚོགས་ཀྱི་ལམ་སྟོན་གྲོས་ཆོད་བྱུང་བའམ། ཚོགས་གཙོ་གཉིས་ཀྱིས་རང་མོས་ཀྱིས་སྲོལ་རྒྱུན་དེ་དུས་འདི་ནས་འགྱུར་བ་བཏང་བ་ཡིན་ཞེས་གསལ་བསྒྲགས་ཤིག་གྲོས་ཚོགས་ནང་ཞུས་ཏེ། དེ་ལ་གྲོས་ཚོགས་ནང་དགག་པ་མ་བྱུང་བ་ཡིན་ན་དེ་ནས་སྲོལ་རྒྱུན་གསར་པ་ལག་ལེན་བསྟར་ཆོག་པ་ཆགས་ཀྱི་རེད། བྱས་ཙང་ད་ལྟའི་གནས་སྐབས་འདི་ལ་ངས་ཕན་གནོད་འདྲེས་པའི་སྤྱི་འཐུས་ཀྱི་གྲངས་ཀ་དེ་རིང་གི་གནས་སྐབས་ལ་ ༣༧ ལ་བརྩི་གི་ཡིན། འོན་ཀྱང་སྤྱི་འཐུས་རྣམ་པ་ཚོས་མ་འོངས་པའི་ཆེད་དུ་དེའི་སྲོལ་རྒྱུན་དེར་འགྱུར་བ་གཏོང་དགོས་ཀྱི་ཡོད་ན། དེའི་ཆེད་གྲོས་འཆར་བསྣམས་ཕེབས་པར་དགག་བྱ་ཡོད་མ་རེད།”ཅེས་གསུངས་འདུག་ལ། སྲོལ་རྒྱུན་འདི་ལ་ད་བར་འགྱུར་བ་གང་ཡང་ཕྱིན་མེད།
དེའི་རྐྱེན་གང་ཟག་བྱེ་བྲག་པ་གཅིག་བཀའ་བློན་འོས་འདེམས་དང་འབྲེལ་ཏེ་བཅའ་སྒྲིག་དགོངས་དོན་དང་སྲོལ་རྒྱུན་ལམ་སྲོལ་བར་རྩོད་གླེང་གནང་ན་གང་ཟག་ལ་ལྟོས་པའི་རྩོད་གཞི་ཆགས་ཉེན་ཡོད་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ད་ལྟ་བདམས་ཐོན་གསལ་བསྒྲགས་བསྐྱངས་པའི་བཀའ་བློན་ཕུད། རྗེས་མའི་གནང་ཕྱོགས་ལ་མ་འོངས་པར་བསམ་ཞིབ་གྲོས་བསྡུར་བྱ་ངེས་ལས། ཐག་གཅོད་ཟིན་རིགས་ལ་འགྱུར་བ་གཏོང་ཤེས་མེད་པ་ཧ་ཅང་གསལ་བོ་རེད་སྙམ། དེས་ན་དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གྲོས་ཚོགས་ཀྱི་སྲིད་པ་ས་ལ་ཆགས་པའི་སྲོལ་རྒྱུན་ལམ་སྲོལ་ལ་བརྩི་བཀུར་གྱིས་དམ་བཅའ་ངོས་བཞེས་གནང་ན་ལེགས་སྙམ།