ཉེས་ཅན་ཕྱིར་སློག་གི་ཁྲིམས་འཆར་རྩིས་མེད་གཏོང་དགོས།

ཧོང་ཀོང་གི་ལྟེ་གནས་གྲོང་ཁྱེར་དུ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་རྒྱ་ནག་ལ་ཉེས་ཅན་ཕྱིར་སློག་གི་ཁྲིམས་འཆར་རྩིས་མེད་གཏོང་དགོས་པའི་ཞི་བའི་ཁྲོམ་སྐོར་བྱས།འདི་ལོའི་ལོ་མགོར་ཧོང་ཀོང་སྤྱི་ཁྱབ་དཔོན་པོ་ལྕམ་ཀེར་ལཱམ་(Carrie Lam)ལགས་ཀྱི་སྲིད་གཞུང་གིས། འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཚུན་དུ་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོའི་བར་ཉེས་ཅན་ཕྱིར་སློག་དང་། རྩིས་སྤྲོད་ཀྱི་ཁྲིམས་འཆར་ཞིག་གཏན་འབེབ་ཐུབ་པ་དགོས་སྐོར་གསལ་བསྒྲགས་བྱས་ཡོད་པར་བརྟེན། ཁ་སང་ཧོང་ཀོང་མི་མང་སྟོང་ཕྲག་མང་པོ་གྲོང་ཁྱེར་ལྟེ་བའི་སྲིད་གཞུང་དང་གྲོས་ཚོགས་ཁང་གི་ཕྱི་ལོགས་སུ་འཛོམས་ཏེ། ཁྲིམས་འཆར་དེ་རྩིས་མེད་གཏོང་དགོས་པའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་། ཧོང་ཀོང་ཉེན་རྟོག་པས་ཐེངས་འདིའི་ཞི་རྒོལ་འདུ་འཛོམས་ནང་མི་གྲངས་ ༢༢༠༠༠ ལྷག་ཡོད་སྐོར་བརྗོད་ཡོད་ཀྱང་། ལས་འགུལ་སྣེ་འཁྲིད་པ་ཚོས་ཧོང་ཀོང་གྲོས་ཚོགས་འཐུས་མི་སོགས་ཚུད་པའི་མི་གྲངས་ ༡༣༠༠༠ ཙམ་འཛོམས་ཡོད་སྐོར་བརྗོད་འདུག

ལས་འགུལ་བ་ཚོས་ཁྲིམས་འཆར་དེར་ངོས་ལེན་མེད་པ་དང་ལྕམ་ཀེར་ལཱམ་གྱིས་ཧོང་ཀོང་རྒྱ་ནག་ལ་བཙོང་བཞིན་ཡོད་སྐོར། ལྕམ་ཀེར་ལཱམ་གྱིས་རྩ་དགོངས་ཞུ་དགོས་པ། དེ་བཞིན་ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་ཁྲོད་བཙོན་འཇུག་ཁྲིམས་ཐག་བཅད་པའི་ལས་འགུལ་སྣེ་འཁྲིད་མཁན་ཚོ་ཀློད་དགོས་པ་དང་། ཧོང་ཀོང་སྲིད་གཞུང་གིས་ཁྲིམས་གཞི་འདྲ་མིན་ལ་ཁ་གཡར་ནས་ཧོང་ཀོང་མི་མང་ལ་མགོ་སྐོར་གཏོང་གི་ཡོད་སྐོར་སོགས་བྲིས་པའི་འཕྲེད་དར་འཕྱར་བ་དང་འབོད་ཚིག་བསྒྲགས་ཡོད་འདུག

དེ་རིང་ཧོང་ཀོང་སྤྱི་ཁྱབ་དཔོན་པོ་ལྕམ་ཀེར་ལཱམ་ལགས་ཀྱིས། ཁྲིམས་འཆར་དེའི་ཐོག་མི་མང་ནང་བསམ་འཆར་དང་ངོ་རྒོལ་མང་པོ་ཡོང་གི་ཡོད་པ་ཧ་གོ་ཡི་ཡོད་ཀྱང་། ཧོང་ཀོང་གྲོས་ཚོགས་ནས་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབ་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཡིན་སྐོར་བསྒྲགས་འདུག

ཁྲིམས་འཆར་དེ་འདི་ལོའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་འཁུར་ཡོང་ཡོད་པ་དང་། ཧོང་ཀོང་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཁྲིམས་འཆར་དེའི་ནང་མི་གཅིག་ལ་ཚེ་བཙོན་དང་གདུག་སྦྱོང་མནར་གཅོད། དེ་བཞིན་ཆབ་སྲིད་གནད་དོན་སོགས་ཀྱིས་བཙོན་འཇུག་བྱེད་པའི་ཉེན་ཁ་མེད་པ་དང་། མི་གསོད་ལག་དམར་རིགས་ཡིན་ན་ཕྱིར་སློག་བྱེད་ཆོག་པའི་ཁྲིམས་འཆར་ཞིག་ཡིན་འདུག

ཧོང་ཀོང་སྤྱི་དམངས་ཐོབ་ཐང་ལས་འགུལ་བ་དང་གྲོས་ཚོགས་འཐུས་མི་ཟུར་པ་ལོ་ཁོ་ཧང(Leung Kwok-hung)གིས། སྲིད་གཞུང་གི་ཁྲིམས་འཆར་དེས་ཧོང་ཀོང་མི་མང་གི་རང་དབང་འཇིགས་སྣང་ཁྲོད་སྐྱེལ་བཞིན་ཡོད་པ་དང་། ཉེས་ཅན་ཕྱིར་སློག་གི་ཁྲིམས་འཆར་དེས་ཧོང་ཀོང་མི་མང་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པ་དང་གསར་འགོད་པ་སོགས་ཀྱི་རང་དབང་དང་ཐོབ་ཐང་རྩ་བརླག་ཏུ་གཏང་སྟེ་ནག་ཉེས་སྣ་ཚོགས་གཡོག་རྒྱུ་ཡིན་པ་མ་ཟད། མི་མང་པོ་ཞིག་རྒྱ་ནག་སྐམ་ས་ཆེན་མོའི་དྲང་བདེན་མ་ཡིན་པའི་ཁྲིམས་ལུགས་འོག་དཀའ་ངལ་མྱང་རྒྱུ་ཡིན་སྐོར་བརྗོད་འདུག

ཧོང་ཀོང་ཆབ་སྲིད་དབྱེ་ཞིབ་པ་ཚོས་ཐེངས་འདིའི་ལས་འགུལ་དེ་ནི་ཉེས་ཅན་ཕྱིར་སློག་གི་ཁྲིམས་འཆར་གཅིག་པུ་ཙམ་མ་ཡིན་པར། འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དང་རང་དབང་ཐད་གནོན་ཤུགས་དང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་ལྟར།  མ་འོངས་པར་ཧོང་ཀོང་རྒྱ་ནག་སྐམ་ས་ཆེན་པོ་ལྟར་ཆགས་ཉེན་གྱི་ཇིགས་སྣང་ཡོང་གི་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་བྱུང་རྗེས། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལས་འགུལ་སྣེ་འཁྲིད་པ་ཁག་ཅིག་ལ་ཟླ་ ༡༦ དེ་འདྲ་ཁྲིམས་དང་མི་མཐུན་པའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་སོགས་ཀྱི་མི་མང་གི་སྙིང་ནད་བསྐྱར་དུ་ལངས་བ་ཡིན་སྐོར་སོགས་བརྗོད་འདུག་ལ། ད་ལན་གྱི་ཞི་རྒོལ་ཁྲོམ་སྐོར་དེ་ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་རྗེས་ཀྱི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་གོ་སྒྲིག་བྱས་པའི་ཉེས་མིང་འོག་ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་དངོས་སུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་བརྟེན། དབྱིན་ཇིའི་སྲིད་བློན་ལས་ཁུངས་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་ཐོག་བརྩི་བཀུར་ཆ་ཚང་བ་ཞུ་དགོས་པ་དང་། ཧོང་ཀོང་གི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་གཉིས་སྲུང་སྐྱོབ་བྱ་རྒྱུ་དེ་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་ཡོད་སྟབས། གནད་དོན་དེ་གལ་ཆེན་པོ་ཡིན་སྐོར་དྲན་སྐུལ་གནང་ཡོད་པ་རེད།

ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༡ ཉིན་དབྱིན་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ངོ་བོའི་ཐོག་ནས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་མ་ཟད།  ལོ་ ༥༠ རིང་ཧོང་ཀོང་གི་ཆབ་སྲིད་སྒྲོམ་གཞིར་འགྱུར་བ་གཏོང་རྒྱུ་མིན་པའི་གྲོས་ཆོད་བཞག་ཡོད་ཀྱང་། འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དང་རང་དབང་ལ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། ཧོང་ཀོང་མི་མང་གིས་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ལོ་རེ་བཞིན་ཡང་དང་བསྐྱར་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་དམངས་གཙོའི་འོས་འདེམས་ཁྲོད་ཐེ་བྱུས་བྱས་པར་བརྟེན། ཧོང་ཀོང་ཉི་གདུགས་གསར་བརྗེའི་ལས་འགུལ་ཞེས་པ་སྟེ་ཧོང་ཀོང་གི་ལོ་རྒྱུས་ཁྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་དང་དུས་ཡུན་རིང་ཤོས་དེ་བྱུང་ཡོད་པ་མ་ཟད། སྐབས་དེར་ཧོང་ཀོང་སྲིད་གཞུང་གིས་མི་མང་གི་དགོས་འདུན་དྭང་ལེན་མ་བྱས་ཚེ་ཧོང་ཀོང་གཞུང་རྩིས་མེད་ཀྱི་ལས་འགུལ་སྔར་ལྷག་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༤/༢༩

Leave a Reply