བོད་རིཊ་གཞོན་སྐྱེས་གསུམ་འཛིན་བཟུང་བྱས། (འདྲ་པར་བསྐྱར་བཅོས)

བསང་གསོལ་སྐབས་༧པཎ་ཆེན་ཡང་སྲིད་རིན་པོ་ཆེ་མཆོག་ཀློད་གྲོལ་དགོས་པ་དང་༧རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་ནང་ཞལ་འཛོམས་དགོས་སྐོར་སྐད་འབོད་བྱས་ཡོད་པའི་ཉེས་མིང་འོག་ནས་བོད་རིགས་གཞོན་སྐྱེས་གསུམ་འཛིན་བཟུང་བྱས་འདུགཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༠།༣༠ ཙམ་ལ། དཀར་མཛེས་ཁུལ་སེལ་ཤུལ་རྫོང་ཁོངས་ནས་ཡིན་པའི་གཞོན་སྐྱེས་རང་ལོ་ ༢༠ ཙམ་ཡིན་པ་དབང་ཆེན་ལགས་དང་། ཁོའི་རོགས་པ་བློ་བཟང་ལགས་དང་ཡོན་ཏན་ལགས་བཅས་གཞོན་སྐྱེས་གསུམ་རྒྱ་ནག་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དབང་ཆེན་ལགས་ཀྱི་གཉེན་ཉེ་ཞིག་གིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ད་ལྟ་ཁོང་ཚོ་སེར་ཤུལ་རྫོང་གི་བཀག་ཉར་ཁང་དུ་ཡོད་པ་དང་། དེ་རིང་ཞོགས་པར་དབང་ཆེན་ལགས་ཀྱི་གཉེན་ཉེ་ཚོ་རྫོང་བཀག་ཉར་ཁང་ནང་ཁོང་ལ་ཐུག་འཕྲད་དུ་ཕྱིན་སྐབས། ཉིན་ ༡༥ ནང་ཚུན་དུ་ཁྲིམས་ཐད་གཅོད་ཀྱི་ཡོད་པས་དེའི་བར་དུ་ཕྱི་མི་ཐུག་འཕྲད་དུ་ཡོང་མི་ཆོག་སྐོར་བརྗོད་དེ་ཐུག་ཏུ་བཅུག་མེད་པ་མ་ཟད། གནས་ཚུལ་ཡར་མར་བརྒྱུད་བསྒྲགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ལོ་ལྟར་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་ནི་ཁོར་ཡུག་གཙང་སྦྲ་བཟོ་བའི་དུས་ཚོད་ཅིག་ཆགས་ཡོད་པ་དང་། སེར་ཤུལ་དགོན་གྱི་རྒྱབ་རིའི་སྒང་དུ་ལབ་རྩེ་ཞིག་ཡོད་པ་དང་། ཁ་སང་དབང་ཆེན་ལགས་དང་ཁོའི་རོགས་པ་བློ་བཟང་། ཡོན་ཏན། དེ་བཞིན་ལྐུགས་པ་ཞིག་བཅས་གཞོན་སྐྱེས་བཞི་རི་མགོར་བསང་གསོལ་དང་དར་ལྕོག་འཐེན་པར་ཕྱིན་ཡོད་པ་དང་། ཁོང་ཚོས་བསང་གསོལ་བཏང་ཚར་ནས་མར་དགོན་པའི་ཐང་གཞུང་དུ་བསླེབས་སྐབས། གློ་བུར་དུ་ཉེན་རྟོག་པ་བསླེབས་ཏེ་དབང་ཆེན་དང་རོགས་པ་གཉིས་བཅས་མི་ ༣ འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ལྐུགས་པ་དེ་ཁྱིམ་དུ་བཏང་བཞག་ཡོད་འདུག
ཁུངས་ལྡན་གནས་ཚུལ་གོ་ཐོས་བྱུང་བ་ལྟར་ན། རྫོང་ཉེན་རྟོག་ཁང་གིས་བསང་གསོལ་གཏོང་སྐབས་དབང་ཆེན་ལགས་ཀྱིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ཀློད་གྲོལ་དགོས་པ་དང་། ༧རྒྱལ་བ་༧པཎ་ཆེན་རྣམ་གཉིས་མྱུར་དུ་བོད་ལ་འཛོམས་དགོས་སྐོར་སྐད་འབོད་བྱས་ཡོད་པའི་ཉེས་མིང་གཡོག་གི་ཡོད་ཀྱང་།  ཁོའི་རོགས་པ་གཉིས་ལ་ཉེས་མིང་ག་རེ་གཡོགས་ཡོད་གསལ་ཆ་མི་འདུག

དབང་ཆེན་ལགས་ཀྱི་ཁྱིམ་དུ་ཁོང་གི་ཨ་མ་དང་སྤུན་མཆེད་བུ་མོ་གཉིས་ཡོད་འདུག་ལ། ཁོང་ཆུང་དུས་ནས་སློབ་གྲྭར་འགྲོ་མྱོང་མེད་པ་དང་། རྟ་རྒྱུགས་ལ་ཤིན་ཏུ་དགའ་ཞིང་སྡེ་བའི་ནང་རྟ་རྒྱུགས་མཁན་རྩེ་གྲས་ཤིག་ཡིན་སྟབས། སེར་ཤུལ་དང་རྫ་སྟོད། མགོ་ལོག་དང་སྐྱེ་དགུ་སོགས་ཀྱི་རྟ་རྒྱུགས་འགྲན་སྡུར་ནང་མཉམ་ཞུགས་ཐེངས་མང་གནང་ཡོད་པ་དང་། ཁྱིམ་ཚང་གི་འཚོ་བའི་ཡོང་འབབ་གཙོ་བོའང་རྟ་རྒྱུགས་ནས་བྱུང་གི་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

མཆན། བོད་ནང་ནས་དབང་ཆེན་ལགས་ཀྱི་འདྲ་པར་བསྐུར་ནོར་བྱུང་འདུག་པས། དེ་རིང་དབང་ཆེན་ལགས་དང་ཁོང་གི་ཨ་མ་མཚོ་ལྷ་ལགས་མཉམ་དུ་ཡོད་པའི་འདྲ་པར་མཁོ་སྤྲོད་བྱུང་བ་ལྟར་བཀོད་ཡོད།

བསྐྱར་བཅོས།: ༢༠༡༩/༠༥/༠༡

Leave a Reply