བོད་རིགས་ན་གཞོན་རྐང་སྤོལ་བ་ཞིག

ཚེ་རིང་རྒྱལ།

ཉི་ཧོང་གི་རྒྱལ་སར་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་ན་གཞོན་རྐང་སྤོལ་རྩེད་འགྲན་ཁྲོད་བོད་རིགས་ན་གཞོན་ཞིག་ཚུད་འདུག དེ་ནི་རྒྱལ་སྤྱི་རིམ་པའི་རྐང་སྤོལ་རྩེད་འགྲན་ཁྲོད་ཞུགས་མཁན་བོད་རིགས་ན་གཞོན་ཐོག་མ་ཆགས་ཡོད།
འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ (Tokyo) རུ་རྒྱལ་སྤྱི་རང་བཞིན་གྱི་ན་གཞོན་རྐང་སྤོལ་རྩེད་འགྲན་ཞིག་འཚོགས་བཞིན་ཡོད་ལ། རྩེད་འགྲན་དེའི་ཁྲོད་བོད་རིགས་ན་གཞོན་ཞིག་ཨོ་གླིང་རྒྱལ་ཁབ་ཀྱི་ནིག་སོ་ཐི་བིལ་མངའ་སྡེའི་ན་གཞོན་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པའི་མིང་ཐོག་ནས་༼ ༢༠༡༩ ལོའི་རྒྱལ་སྤྱིའི་ན་གཞོན་རྐང་སྤོལ་རྩེད་འགྲན༽ (International Youth Football Tournament)  ཁྲོད་འཛུལ་ཞུགས་བྱས་ཡོད་པ་དང་། ཁོང་ནི་རྒྱལ་སྤྱི་རང་བཞིན་རྐང་སྤོལ་རྩེད་འགྲན་ཁྲོད་ཞུགས་མཁན་བོད་རིགས་ན་གཞོན་ཐོག་མ་དེའང་ཆགས་ཡོད།

བོད་རིགས་ན་གཞོན་རྐང་སྤོལ་རྩེད་འགྲན་པ་ཁོའི་མིང་ལ་ཞི་བ་འདུད་ཟེར་ཞིང་། ད་ལྟ་རང་ལོ་ ༡༣ ཡིན་འདུག  ཕྱི་ལོ་ ༢༠༡༩ ལོའི་མགོ་སྟོད་དུ་ཁོ་རང་ཨོ་གླིང་ནིག་སོ་ཐི་བིལ་(New South Wales)མངའ་སྡེ་ཁུལ་གྱི་རྐང་སྤོལ་རྩེད་འགྲན་རུ་ཁག་མང་པོའི་གྲས་ནས་རྩེད་འགྲན་པ་ ༤༠ ལྷག་དྲག་འདེམས་ཐོག  དུས་ཡུན་བདུན་ཕྲག་གསུམ་རིང་བསྐྱར་དུ་དྲག་འདེམས་རྩེད་འགྲན་པ་ནང་ཁུལ་འགྲན་བསྡུར་ཐེངས་མང་བརྒྱུད་མཐའ་མའི་རྩེ་བཏོགས་མི་ ༡༦ འདེམས་སྒྲུག་བྱས་པའི་གྲས་སུ་ཚུད་དེ།  ཨོ་གླིང་རྒྱལ་ཁབ་ཀྱི་འཐུས་ཚབ་ན་གཞོན་རྐང་སྤོལ་རྩེད་འགྲན་པའི་མིང་ཐོག་ནས། འདི་ལོའི་རང་ལོ་ ༡༤ མན་གྱི་རྒྱལ་སྤྱིའི་ན་གཞོན་རྐང་སྤོལ་རྩེད་འགྲན་ཁྲོད་འཛུལ་ཞུགས་བྱས་འདུག

ན་གཞོན་རྐང་སྤོལ་བ་ཞི་བ་འདུད་ཀྱིས་༼རང་ཉིད་ཀྱི་ཕུགས་འདུན་ནི་འབྱུང་འགྱུར་རྒྱལ་སྤྱི་རང་བཞིན་གྱི་རྐང་སྤོལ་རྩེད་འགྲན་པ་ཞིག་འཆག་རྒྱུ་དེ་ཡིན༽ཟེར། ཁོས་དགའ་མོས་བྱེད་སའི་རྐང་སྤོལ་རྩེད་འགྲན་པ་ནི་འཛམ་གླིང་ན་མིང་དུ་གྲགས་པའི་ཨར་ཇིན་ཊི་ནའི་རྐང་སྤོལ་བ་མའེ་སའེ་(Messi)དང་རྐང་སྤོལ་རུ་ཁག་ནི་སི་ཕན་(Spain)རྒྱལ་ཁབ་ཀྱི་བྷར་སི་ལོ་ན་(Barcelona) ཡིན་པ་རེད། ཁོ་རང་ནམ་རྒྱུན་ས་གནས་རྩེད་འགྲན་ཁག་ཏུ་འགྲན་ཞུགས་སྐབས། སྒྲིག་ཆས་ཀྱི་སྟེང་༼བོད༽ཅེས་པའི་ཡིག་འབྲུ་ཆེན་པོ་ཞིག་བྲིས་ཏེ་རང་ཉིད་བོད་མི་ཞིག་ཡིན་པ་གསལ་སྟོན་བྱེད་བཞིན་ཡོད།

རྒྱལ་སྤྱིའི་ན་གཞོན་རྐང་སྤོལ་རྩེད་འགྲན་དེའི་གཞུང་འབྲེལ་དྲ་རྒྱའི་སྟེང་གནས་ཚུལ་བཀོད་པ་ལྟར་ན། རྩེད་འགྲན་དེར་ཡུ་རོབ་གླིང་གི་རྒྱལ་ཁབ་དབྱིན་ཡུལ་དང་། འཇར་མན། ཧྥ་རན་སི། ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་བྷ་རེ་ཟེལ་(Brazil)དང་ཨར་ཇིན་ཊི་ན(Argentina)། ཨེ་ཤ་ཡའི་རྒྱལ་ཁབ་ཨོ་གླིང་(Australia)དང་ཉི་ཧོང་(Japan)། ལྷོ་ཀོ་རི་ཡ(South Korea)། ཨུ་རུ་སུ(Russia)། ཧིན་རྡུ་ནི་ཞི་ཡ(Indonesia)། རྒྱ་ནག  ཨ་ཧྥེ་རི་ཀ་གླིང་གི་རྒྱལ་ཁབ་ཨི་ཇིབ་(Egypt)བཅས་ཀྱི་མངའ་སྡེ་དང་གྲོང་ཁྱེར་ཁག་ནས། དྲག་འདེམས་བྱས་པའི་ན་གཞོན་རྐང་སྤོལ་རུ་ཁག་ ༢༠ མཉམ་ཞུགས་བྱས་འདུགརྩེད་འགྲན་རུ་ཁག་དེ་དག་སྐོར་ཁག་ ༤ རུ་བགོས་ཐོག  ཕྱི་ཟླ་ ༥ ཚེས་ ༣ ཉིན་ཉི་ཧོང་གི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་རྩེད་མོ་མགོ་འཛུགས་ཀྱིས་རྒྱལ་ས་ཊོ་ཀི་ཡོའི་ཁུལ་གྱི་ཀོ་མ་ཛ་ཝ་ཨོ་རྩལ་ར་བའི་(Komazawa Olympic Park General Sports Ground)རྩེད་ཐང་ཁག་བཞི་ནས་འགྲན་བསྡུར་བྱ་རྒྱུ་ཡིན་འདུག  རྐང་སྤོལ་རྩེད་འགྲན་སྐབས་ཀྱི་རྩེད་མོའི་གོ་རིམ་དང་སྒྲིག་གཞི། རུ་ཁག་དང་རྩེད་འགྲན་པའི་མིང་དང་པར་རིས་སོགས།  ཞིབ་ཕྲའི་གནས་ཚུལ་ཁག་རྩེད་མོ་གོ་སྒྲིག་པའི་གཞུང་འབྲེལ་དྲ་རྒྱའི་(http://www.tokyo-u14.com/)སྟེང་སྤེལ་འདུག  དྲ་ངོས་དེའི་རྩེད་འགྲན་པའི་མིང་གཞུང་རེའུ་མིག་ཁྲོད་བོད་རིགས་རྐང་སྤོལ་བ་ཞི་བ་འདུད་ཀྱི་མིང་དབྱིན་ཡིག་གི་བསྡུས་ཚིག་ཐོག  ༼S.Dul༽ཞེས་བཀོད་འདུག  དེ་བཞིན། ཐེངས་འདིའི་རྩེད་འགྲན་རིམ་པ་ཁག་གཞུང་འབྲེལ་དྲ་རྒྱའི་ཡུ་ཊོབ་དྲ་བརྙན་(https://www.youtube.com/watch?v=yyTz-VJX6fE)བརྒྱུད་ཐད་གཏོང་བྱ་རྒྱུ་ཡིན་འདུག

སྤྱིར་མི་རེ་རེས་མི་ཚེ་ཁྲོད་བླངས་པའི་གྲུབ་འབྲས་ཆེ་མ་ཆུང་གསུམ་མཐའ་དག་འབད་མེད་ལྷུན་འགྲུབ་ཀྱི་ཁ་བསོད་དང་རླུང་རྟ་ཙམ་ལ་བརྟེན་ནས་བྱུང་བ་ཞིག་ཡེ་ནས་མ་ཡིན་པར།  དེ་དག་གི་རྒྱབ་ལྗོངས་ན་ལྷད་མེད་པའི་དུང་བ་དང་ངང་རིང་འབད་བརྩོན་གྱིས་བསྐྲུན་པའི་གཏམ་རྒྱུད་རེ་རེ་ཡོད་པ་ལྟར།  བོད་རིགས་ན་གཞོན་རྐང་སྤོལ་བ་ཞི་བ་འདུད་ཀྱིས་ཀྱང་རང་ཉིད་ཀྱི་འཚོ་བའི་དགའ་སྣང་མཐའ་དག་རྐང་སྤོལ་ལ་གཏིམ་ཡོད་པ་དང་། རྐང་སྤོལ་གྱིས་ཁོའི་ནར་སོན་གྱི་བརྒྱུད་རིམ་ཁྲོད་མཚར་སྡུག་གི་གཏམ་རྒྱུད་ཆུང་ཆུང་མང་པོ་ཞིག་བསྐྲུན་ཡོད་པ་རེད།རྡ་རམ་ས་ལ་ནི་༧རྒྱལ་བའི་བཞུགས་གནས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡོད་སྟབས། བཙན་བྱོལ་བོད་མི་ཚོས་ཁ་རྒྱུན་དུ་༼རྒྱལ་ས་ལྷ་ས་གཉིས་པ༽ཞེས་འབོད་སྲོལ་ཡོད།  ལྷག་པར་ཏུ་ལོ་རབས་བརྒྱད་ཅུ་པའི་རྗེས་ནས་བཙན་བྱོལ་དུ་སླེབས་པའི་གསར་འབྱོར་བ་དག་ལ་མཚོན་ན། ལུས་སེམས་གཉིས་ཀ་ཁེན་ས་ནི་རྡ་སའི་རི་ངོགས་ཆུང་ཆུང་དེ་ཆགས་ཡོད། ན་གཞོན་རྐང་སྤོལ་བ་ཞི་བ་འདུད་ཀྱང་རྡ་སའི་རི་ངོགས་དེར་གསར་འབྱོར་བའི་མི་ཚང་ཞིག་ཏུ་སྐྱེས་ཤིང་།  བྱིས་དུས་སུ་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་སློབ་གཉེར་བྱས་ཡོད་པ་རེད།

ཁོ་རང་བྱིས་དུས་ནས་རྐང་སྤོལ་ལ་ཧ་ཅང་དགའ་མོས་ཡོད་སྟབས། ཁོ་ཚང་གི་ཁྱིམ་ཕྱི་ནང་གང་སར་རྐང་སྤོལ་ཆེ་ཆུང་འདྲ་མིན་གྱིས་ཁེངས་ཡོད་ལ། དེ་བཞིན། ཁྱིམ་གྱི་ཕྱི་ནང་དང་སྒོ་ར་ཆ་ཚང་ནི་ཁོ་རང་གི་རྐང་སྤོལ་རྩེད་ཐང་ལྟ་བུ་ཆགས་ཡོད། སྤྱིར་རྡ་སའི་རི་ངོགས་སུ་རྐང་སྤོལ་རྩེད་ཐང་ཧ་ཅང་དཀོན་པ་མ་ཟད། གངས་སྐྱིད་མེས་དབོན་དཔེ་སྟོན་སློབ་གྲྭར་མཚོན་ན་ཆེད་དམིགས་རྐང་སྤོལ་རྩེད་སའི་ཐང་ལག་མཐིལ་ཙམ་ཡང་མེད། དེར་བརྟེན། བྱིས་པ་ཞིག་ལ་མཚོན་ན་རྡ་སའི་རི་ངོགས་ནས་རྐང་སྤོལ་རྩེད་སའི་ཁོར་ཡུག་ལེགས་པོ་ཞིག་རྙེད་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཆགས་ཡོད།  ཡིན་ནའང་། སྟབས་ལེགས་པ་ཞིག་ལ་ཁོ་རང་ལ་རྐང་སྤོལ་རྩེད་རྒྱུར་དགའ་བའི་ཡུལ་ཕྱོགས་གཅིག་པའི་ཨ་ཁུ་འགའ་ཡོད་སྟབས། ནམ་རྒྱུན་ཁོ་ཚོར་འགྲོགས་ཏེ་རྡ་སའི་རི་གཤམ་ཀྱི་རྩེད་ཐང་ཁག་ཏུ་ཕྱིན་ནས་མི་དར་མ་ཚོ་དང་ལྷན་དུ་རྐང་སྤོལ་རྩེད་ཀྱིན་ཡོད།  ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་རྡ་སའི་ཁུལ་གནས་བོད་པའི་སློབ་གྲྭ་ཆུང་བ་ཁག་གི་ལོ་ ༡༠ མན་གྱི་བྱིས་པའི་རྐང་སྤོལ་རྩེད་འགྲན་ཞིག་བྱས་པའི་ཁྲོད།  ཁོང་ལ་རྩེད་འགྲན་པ་ལེགས་ཤོས་ཀྱི་བྱ་དགའ་ཐོབ་ཡོད། དེ་ནས་བཟུང་རྡ་ས་ཁུལ་གྱི་སློབ་གྲོགས་བྱིས་པ་ཚོས་ཁོ་ལ་(Messi)ཞེས་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྲགས་ཅན་ཞིག་གི་མིང་སྤྲད་ཡོད་པ་རེད།དེ་རྗེས་ཁོ་རང་ཕ་མ་གཉིས་དང་ལྷན་དུ་ཨོ་གླིང་དུ་གནས་སྤར་བྱས་ཡོད་མོད།  ཁོས་སྔར་བཞིན་རྐང་སྤོལ་ལ་བཟུང་བའི་དགའ་མོས་དེ་ནམ་ཡང་དོར་མེད་ལ། ཕ་མ་གཉིས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་ལ་བརྟེན་ནས།  ཕྱི་ལོ་ ༢༠༡༧ ལོར་ཁོ་རང་ཨོ་གླིང་མེལ་སྦོན་གྲོང་ཁྱེར་མངའ་ཁུལ་གྱི་ཊན་ཏི་ནོང་སྐར་ཆེན་(Dandenong White Star)ཞེས་པའི་རྐང་སྤོལ་རུ་ཁག་ནང་ཞུགས་ཐོག  མངའ་ཁུལ་དེའི་རང་ལོ་ ༡༣ མན་གྱི་ན་གཞོན་རྐང་སྤོལ་རྩེད་འགྲན་ཁྲོད་ཁོའི་རུ་ཁག་ལ་གསེར་གྱི་རྟགས་མ་དང་། ཁོ་རང་ལ་རྩེད་འགྲན་པ་ལེགས་ཤོས་ཀྱི་རྟགས་མ་བཅས་ཐོབ་ཡོད།ཕྱི་ལོ་ ༢༠༡༨ ལོར་ཨོ་གླིང་སིད་ནེ་མངའ་ཁུལ་མཁར་གསར་(Newcasle)གྱི་ཧལ་མེ་ཊོན་ཨོ་ལུམ་ཕིག་རྐང་སྤོལ་མཐུན་ཚོགས་(Hamilton Olympic FC) ཁྲོད་ཞུགས་ཏེ།  རང་ལོ་ ༡༣ མན་གྱི་མངའ་སྡེ་རིམ་པའི་རྐང་སྤོལ་རྩེད་འགྲན་(NPL)ཁྲོད།  ཁོའི་རུ་ཁག་ལ་གསེར་གྱི་རྟགས་མ་ཐོབ་ཡོད། ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་འགྲན་བསྡུར་བརྒྱུད་ནིག་སོ་ཐི་བིལ་མངའ་སྡེ་ཁུལ་གྱི་རྐང་སྤོལ་འཇོན་ཐང་མི་སྣ་སྐྱེད་སྲིང་ལས་གཞིའི་(TSP)ནང་རྩེད་འགྲན་པ་དྲག་འདེམས་བྱས་པའི་རུ་ཁག་ནང་ཚུད་དེ་རྐང་སྤོལ་ཆེད་སྦྱོང་གོ་སྐབས་ཐོབ་འདུག  དེ་བཞིན། ཁོས་སློབ་གཉེར་བྱེད་སའི་ཧན་ཌིར་ལུས་རྩལ་(Hunter Sport High)སློབ་གྲྭའི་རྐང་སྤོལ་བ་དྲག་འདེམས་རུ་ཁག་ཏུའང་ཚུད་ཡོད་པ་རེད།  དེ་ལྟར་གོམ་པ་རིམ་འཛེགས་ཐོག  ཕྱི་ལོ་ ༢༠༡༩ ལོར་ནིག་སོ་ཐི་བིལ་མངའ་སྡེ་ཁུལ་གྱི་ན་གཞོན་རྐང་སྤོལ་རུ་ཁག་མང་པོའི་ཁྲོད་རྩེད་འགྲན་པ་དྲག་འདེམས་རིམ་པ་སྔ་ཕྱི་གཉིས་བརྒྱུད་མཐར།  འདི་ལོའི་ཉི་ཧོང་གི་རྒྱལ་སར་འཚོགས་བཞིན་པའི་རང་ལོ་ ༡༤ མན་གྱི་རྒྱལ་སྤྱིའི་ན་གཞོན་རྐང་སྤོལ་རྩེད་འགྲན་ཁྲོད་ཚུད་ཡོད་པ་རེད།འདས་པའི་ལོ་བཅུ་གྲངས་ལྷག་གི་རིང་རྒྱལ་སྤྱི་རིམ་པའི་རྩེད་མོའི་འགྲན་བསྡུར་སྣ་ཚོགས་ཁྲོད་བོད་ཕྱི་ནང་གཉིས་སུ་ན་གཞོན་ལུས་རྩལ་པ་མང་པོ་ཞིག་འཛུལ་ཞུགས་ཐོག  རྒྱལ་སྤྱིའི་ལུས་རྩེད་གར་སྟེགས་སྟེང་ཁོང་ཚོས་གྲུབ་འབྲས་ཀྱང་མི་དམན་པ་རེ་བླངས་ཡོད་སྟབས།  བོད་མིའི་སྤྱི་ཚོགས་ཁྲོད་ཁོང་ཚོར་སྙན་གྲགས་དང་དགའ་མོས་ཆེན་པོ་ཐོབ་བཞིན་ཡོད་པ་མ་ཟད།  ཁོང་ཚོའི་འབད་བརྩོན་གྱི་གྲུབ་འབྲས་དེ་དག་གིས་བོད་མི་རྣམས་ཀྱི་སེམས་སུ་ལ་རྒྱ་དང་དགའ་སྤོབས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་སྤྲོད་ཀྱིན་ཡོད།

བསྐྱར་བཅོས།: ༢༠༡༩/༠༥/༠༡

Leave a Reply

2 thoughts on “བོད་རིགས་ན་གཞོན་རྐང་སྤོལ་བ་ཞིག

  1. བཀྲ་ཤིས་རྡོ་རྗེ།

    དངོས་གནས་ཡག་པོ་རེད། ཕ་མ་ཚོས་ཕྲུ་གུའུ་གོ་སྐབས་དེ་རྒྱལ་དོན་ཡིན་པ་མ་བརྗེད་བྱེད་དགོས།