ཐུགས་གསོའི་གསུང་འཕྲིན་བསྩལ།

༧གོང་ས་མཆོག་གིས་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རི་ཆར་ཌི་ལུ་གྷར་མཆོག་སྐུ་གྲོངས་པར་བརྟེན་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

ཕྱི་ཟ་ ༤ ཚེས་ ༢༨ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཆར་ཌི་ལུ་གྷར་(Richard Lugar)ལགས་དགོང་ལོ་ ༨༧ སྟེང་སྐུ་གྲོངས་ཡོད་པར་བརྟེན། ཁ་སང་ཕྱི་ཚེས་ ༣༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་རི་ཆར་ཌི་ལུ་གྷར་ལགས་ཀྱི་བཟའ་ཟླའི་མཚན་ཐོག་ཏུ་ཐུགས་གསོའིགསུང་འཕྲིན་ཞིག་བསྩལ་ཏེ། དམ་པ་ཁོང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པ་དེར་ཐུགས་ཕམ་བྱུང་ཞེས་གསུངས་འདུག

གསུང་འཕྲིན་ནང་སྐུ་ཉིད་ཀྱི་སྐུ་ཟླ་ལུ་གྷར་མཆོག་སྐུ་གྲོངས་བར་སྐུ་ཉིད་དང་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུ་ཡི་ཡོད། སྐུ་ཞབས་རི་ཆར་ཌི་ལུ་གྷར་ལགས་ཀྱི་ཤུལ་ལུས་ནང་མི་བུ་ཕྲུག་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་དང་། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་བོར་ཨ་རིའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བསྒྲུབས་ཡོད་པ་དང་། ཁོང་ནི་ཆབ་སྲིད་ཀྱི་དབྱེ་འབྱེད་མེད་པའི་ཐོག་ནས་ཕྱག་ལས་གནང་མཁན་ཞིག་ཡིན་པས་ཁོང་གི་ཕྱག་རོགས་ཚོའི་བསྟོད་བསྔགས་ཆེན་པོ་ཐོབ་ཡོད། ཅེས་གསུངས་འདུག

ཡང་སྐུ་ཞབས་རི་ཆར་ཌི་ལུ་གྷར་ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པའི་སྐོར་ལ་གསུང་འཕྲིན་ནང་། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་དམ་པ་ཁོང་གིས་ལོ་མང་རིང་བོད་དོན་ལ་རྒྱབ་སྐྱོར་དང་། ངོས་རང་ཨ་རིའི་རྒྱལ་སར་ཕྱིན་སྐབས་དམ་པ་ཁོང་དང་ཐེངས་མང་མཇལ་འཕྲད་བྱུང་བ་དང་། དམ་པ་ཁོང་དང་ཁོང་གི་ཕྱག་རོགས་རྣམས་ཀྱིས་བོད་དོན་ཐད་རྒྱབ་སྐྱོར་གནང་བ་དེས། བོད་མི་ཚོས་འཚེ་མེད་ཞི་བའི་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་མུ་མཐུད་བྱེད་པར་རེ་བ་དང་བློ་སྤོབས་སྐྱེད་བཅུག་ཡོད་པ་རེད། ཅེས་གསུངས་འདུག

སྐུ་ཞབས་རི་ཆར་ཌི་ལུ་གྷར་ལགས་ཕྱི་ལོ་ ༡༩༧༦ ལོར་ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེ་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོན་བྱུང་བ་ནས་བཟུང་། ཕྱི་ལོ་ ༡༩༨༢ དང་ ༡༩༨༢། ༡༩༨༨། ༡༩༩༤། ༢༠༠༠ དང་ ༢༠༠༦ སོ་སོར་གྲོས་ཚོགས་འཐུས་མིར་བསྟུད་མར་འདེམས་ཐོན་བྱུང་ཡོད་པ་དང་། ཁོང་ནི་ཨ་རིའི་གྲོས་ཚོགས་འཐུས་མི་ལས་ཡུན་རིང་ཤོས་ཤིག་དང་། བློ་དཀར་སེམས་དཀར་གྱིས་གཞུང་ལ་སྲི་ཞུ་བསྒྲུབས་པར་ཀུན་གྱིས་བསྔགས་བརྗོད་བྱེད་ཡུལ་ཞིག་ཡིན་འདུག

དམ་པ་ཁོང་གིས་བོད་དོན་ཐད་དུས་ཡུན་རིང་པོར་རྒྱབ་སྐྱོར་གནང་ཡོད་པ་ལྟར།  ཕྱི་ལོ་ ༡༩༩༠ ནས་ཨ་རིའི་གྲོས་ཚོགས་ནང་བོད་དོན་སྐོར་གྱི་ཁྲིམས་འཆར་མང་པོར་རྒྱབ་སྐྱོར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབ་གནང་སྐབས་ཁོང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་ཞིང་གཤེགས་དམ་པ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་ཨ་རིའི་གྲོས་ཚོགས་ནང་ཆེད་བསྟོད་གྲོས་ཆོད་འཇོག་སྐབས། གྲོས་ཆོད་དེ་ངོ་སྤྲོད་དང་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༠༡

Leave a Reply