ཡང་ཁ་ན་ཌའི་མི་སེར་ཞིག་ལ་སྲོག་ཁྲིམས་བཅད།

རྒྱ་ནག་གཞུང་གིས་ཡང་བསྐྱར་ཁ་ན་ཌའི་མི་སེར་ཞིག་དང་རྒྱ་མི་ཞིག་ལ་མྱོས་རྫས་ནག་ཚོང་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་པ་དེར་ཁ་ན་ཌ་གཞུང་ནས་བློ་འཚབ་ཆེན་པོས་སྐྱོན་བརྗོད་གནང་འདུགབྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ཅང་མེན་གྲོང་ཁྱེར་མི་དམངས་འབྲིང་རིམ་ཁྲིམས་ཁང་(Jiangmen Intermediate People’s Court)ཟེར་བ་དེས། རྒྱ་ནག་ནང་གཏན་འགོག་བྱས་པའི་མྱོས་རྫས་རིགས་ནག་ཚོང་བྱས་པའི་ཉེས་མིང་འོག རྒྱ་མི་ཝུ་ཙི་ཕིན་(Wu Ziping)་དང་ཁ་ན་ཌའི་མི་སེར་ཡིན་པ་སྒྱུར་མིང་ལ་ཧྥན་ཝེ(Fan Wei)ཟེར་བ་ཞིག་ལ་སྲོག་ཁྲིམས་བཅད་ཡོད་པ་དང་། དེ་བཞིན་ཨ་རིའི་མི་སེར་གཅིག་དང་མེག་སི་ཁོའི་མི་སེར་ ༤ བཅས་ཕྱི་གླིང་བ་ ༥ ལའང་སྲོག་ཁྲིམས་ཕྱིར་འགྱངས་ཀྱི་ཁྲིམས་ཆད་དང་། རྒྱ་མི་གཞན་ ༥ ལའང་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་བསྒྲགས་ཡོད་ཀྱང་། བཙོན་འཇུག་དུས་ཡུན་ག་ཚོད་ཡིན་གསལ་ཁ་མི་འདུག

ཅང་མེན་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བ་དེས།  མི་དེ་དག་གིས་གཏན་འགོག་བྱས་པའི་ལུས་ཤུགས་རྒྱས་བྱེད་ཀྱི་རྫས་དང་ཤ་སྐམ་པོ་བཟོ་བྱེད། དེ་བཞིན། བློ་རྩེ་གཅིག་ཏུ་སྒྲིམ་པར་རམ་འདེགས་བྱེད་པའི་མྱོས་རྫས་(Methamphetamine)ཀེ་ལོ་༦༣།༣༨ དང་། མྱོས་རྫས་(Dimethylamylamine)ཁེ་ ༣༦༦ ལྐོག་ཚོང་བྱས་ཡོད་སྟབས།  ཁོ་ཚོའི་ནག་ཉེས་ཧ་ཅང་འཚབ་ཆེན་ཡིན་པ་དང་། ལྷག་པར་དུ་ཧྥན་ཝེ་དང་ཝུ་ཙི་ཕིན་གཉིས་ནག་ཚོང་གི་གཏེ་བོ་ཡིན་པས་སྲོག་ཁྲིམས་བཅད་པ་ཡིན། ཞེས་བརྗོད་ཡོད་པ་རེད།

ཧྤ་ཝེ་ལ་སྲོག་ཁྲིམས་ཀྱི་ཉེས་པ་ཡོངས་བསྒྲགས་བྱས་རྗེས། ཁ་ན་ཌའི་ཕྱི་སྲིད་བློན་ཆེན་ཁུ་རེ་སི་ཊི་ཡ་ཧྥི་རེ་ལན་ཌི་(Chrystia Freeland)ལགས་ཀྱིས། ཁ་ན་ཌའི་གཞུང་ནས་འཛམ་གླིང་ས་ཕྱོགས་གང་ཞིག་ནས་ཡིན་ཡང་སྲོག་ཁྲིམས་གཅོད་པར་ངོ་རྒོལ་བྱེད་བཞིན་ཡོད། ང་ཚོས་སྲོག་ཁྲིམས་གཅོད་པ་ནི་མི་ཆོས་ལས་བརྒལ་བའི་ཆེས་གདུག་རྩུབ་ཀྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། དམིགས་བསལ་ཁ་ན་ཌའི་མི་སེར་ཞིག་ལ་སྲོག་ཁྲིམས་བཅད་པར་བློ་འཚབ་ཞེ་དྲགས་ཡོད། ཅེས་བརྗོད་འདུག

ཡང་དབྱིན་ཡུལ་དུ་ཡོད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། རྒྱ་ནག་གིས་ལོ་རེར་མི་མང་སྟོང་ཕྲག་མང་པོར་སྲོག་ཁྲིམས་གཅོད་ཀྱི་ཡོད་པ་ནི་ཡོངས་གྲགས་ཆགས་བསྡད་ཡོད། འོན་ཀྱང་། སྲོག་ཁྲིམས་ཀྱི་གནས་ཚུལ་རྣམས་རྒྱལ་ཁབ་ཀྱི་གསང་བ་ཡིན་ཚུལ་བརྗོད་དེ་རྒྱལ་སྤྱིའི་ཐོག་གཏན་ནས་ཤེས་རྟོགས་བྱུང་དུ་འཇུག་གི་མེད་སྐོར་སྐྱོན་བརྗོད་བྱས་འདུག

ཧྤན་ཝེ་ནི་འདི་ལོར་རྒྱ་ནག་དང་ཁ་ན་ཌའི་རྩོད་རྙོག་ཁྲོད་ཁ་ན་ཌའི་མི་སེར་ལ་སྲོག་ཁྲིམས་བཅད་པ་གཉིས་པ་དེ་ཆགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡ ནང་ཁ་ན་ཌའི་མི་སེར་རོ་བྷར་ཊི་ཤ་ལན་བྷར་གྷི་(Robert Lloyd Schellenberg)་རྒྱལ་སྤྱིའི་མྱོས་རྫས་ནག་ཚོང་བྱེད་མཁན་ལྟེ་བ་ཞིག་ཡིན་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་པ་དང་། དེ་ནི་ཁ་ན་ཌ་གཞུང་གིས་ཨ་རིའི་བཀོད་མངགས་འོག ཧྭ་ཝེ་ནོར་དོན་སྤྱི་གཉེར་བ་མིན་ཝན་ཀྲུའུ་འཛིན་བཟུང་བྱས་ཏེ། རྒྱ་ནག་དང་ཁེ་ན་ཌའི་བར་རྩོད་པ་འབྱུང་བཞིན་པའི་སྐབས་ཤིག་ཡིན་སྟབས། རོ་བྷར་ཊི་ཤ་ལན་བྷར་གྷི་ལགས་སུ་སྲོག་ཁྲིམས་བཅད་པ་ནི་རྒྱལ་ཁབ་གཉིས་བར་གྱི་རྩོད་རྙོག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

མིན་ཝན་ཀྲུའུ་འཛིན་བཟུང་བྱས་པ་ནས་བཟུང་རྒྱ་ནག་དང་ཁ་ན་ཌའི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་སྔ་གཞུག་ཏུ་གཞུང་འབྲེལ་ལས་བྱེད་ཟུར་པ་སོགས་ཁ་ན་ཌའི་མི་སེར་ཁྱོན་ ༡༣ འཛིན་བཟུང་བྱས་ཡོད་པ་དང་། ཁ་ན་ཌ་གཞུང་ནས་མིན་ཝན་ཀྲུའུ་ལྟ་ཞིབ་འོག་བཞག་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཁ་ན་ཌ་གཞུང་གིས་ཁྲིམས་བཤེར་བསྐྱར་དུ་བྱ་རྒྱུ་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༠༡

Leave a Reply to གཞུང་པ་ཚེ་དབང་བསོད་ནམའ་ Cancel Reply

One thought on “ཡང་ཁ་ན་ཌའི་མི་སེར་ཞིག་ལ་སྲོག་ཁྲིམས་བཅད།

  1. གཞུང་པ་ཚེ་དབང་བསོད་ནམའ་

    ཉེས་པའི་བུ་ལ་ཉེས་པ་མ་བཏང་ན་བྱེད་པོ་ཐམས་ཅད་ཉེས་པའི་རྒྱུ་རུ་འགྲོ།
    བཟང་པོའི་ལས་ལ་བྱ་དགའ་མ་ཕུལ་ན་བཟང་པོའི་ལས་ལ་འཇུག་མཁན་གང་ནས་ཡོང།
    བཟང་ངན་དབྱེ་བ་ཁྲིམས་ཀྱི་མ་དཔྱད་ན་བཟང་ངན་ངོས་འཛིན་མེད་པ་དུད་འགྲོའི་ཤིས།