དགེ་རྒན་ཞིག་གིས་ཕ་མ་རྣམས་ལ་སྤྲིངས་པའི་རེ་སྐུལ།

རྡོ་སྦིས་ཟླ་བ་ཚེ་རིང་།

བཀུར་འོས་ཕ་མ་རྣམས་ཀྱི་རྒྱ་ཆེ་བའི་ལས་དོན་གྱི་ཞོར་དུ་མཛེས་པའི་རྣ་ཟུང་ཐེངས་གཅིག་གཡོ་བར་རེ་བའི་འཚམས་འདྲི་སྔོན་དུ་སོང་སྟེ། ངས་དེ་རིང་འདི་ནས་རང་ཉིད་ཀྱིས་ལྕོགས་ཚོད་ལ་མ་བལྟས་པར་མ་འོངས་པའི་སོན་རྩ་དེ་དག་གི་ཆེད་དུ་བརྩེ་བའི་ཕ་མ་རྣམས་ལ་སེམས་གཏམ་ཞིག་ཞུ་དགོས་བྱུང་སོང་བས། གང་ཞུས་པ་དེ་ཁྱེད་ཅག་གི་ཐུགས་ལ་མི་བདེ་བ་དང་མི་འདོད་པ་བྱུང་སོང་ན་དགོངས་པ་དག་པར་གསོལ་ལགས་ཞེས་པའི་སེམས་བྱུང་ཡོད་ནའང། ཁྱེད་ཅག་གིས་བོད་ཀྱི་ཁ་དཔེ་རུ“ཤ་ཚ་བའི་ཁ་ལ་གཏམ་སྙན་མེད།། ནད་ཕན་པའི་སྨན་ལ་མངར་མོ་མེད།།” ཟེར་བའི་སྐད་ཆ་འདི་ལ་སོམས་རོགས། སྐད་ཆ་འདི་ནི་གནས་ལུགས་དང་རྒྱུ་མཚན་གང་མང་ཞིག་གིས་ཕྱུག་པར་མ་ཟད་མི་རིགས་ཤིག་གི་རིག་གཞུང་གི་རྒྱབ་ལྗོངས་ཀྱང་ཡོད་པས་ཁྱེད་ཅག་གིས་སེམས་པ་བརླན་རྒྱུ་གལ་ཆེ་བར་མཐོང་ངོ།

སྐད་ཆ་དྲང་མོ་བཤད་ན། དེང་སང་གི་ཕ་མ་འདི་ཚོས་ནུབ་ཕྱོགས་ཀྱི་སློབ་གསོ་ལ་ཆེད་སྦྱོང་དང་བསླབ་འབྲས་མེད་ནའང་ནུབ་ཕྱོགས་སློབ་གསོ་ཟེར་ནས་ཡོང་དུས་ཚོད་ཚོད་ལ་མགོ་སྒུར་མཁན་ཞིག་དང་ཐལ་མོ་རྒྱག་མཁན་རྐྱང་ཡིན་པས། ནུབ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བསྟར་མ་ཐུབ་མཁན་གྱི་དགེ་རྒན་དེ་ཚོ་སློབ་གྲྭའི་ཡིག་ཚང་ལ་ཁྲིམས་གཏུགས་བྱ་ངེས། ཡིན་ནའང། ནུབ་ཕྱོགས་སློབ་གསོ་ལྟར་ན་སློབ་གྲྭའི་སློབ་གསོ་ལས་ཁྱིམ་གྱི་སློབ་གསོ་གལ་ཆེ་རུ་བརྩི་བས།    ཁྱེད་ཅག་གིས་ནུབ་ཕྱོགས་ཁྱིམ་གྱི་སློབ་གསོ་ལྟར་ཕྲུ་གུ་ལ་སྒྲུང་ག་ཚོད་ཅིག་འཆད་མྱོང་ངམ། ཕྲུ་གུ་དང་མཉམ་དུ་དེབ་ག་ཚོད་ཅིག་བཀླགས་མྱོང་ངམ།    ཕྲུ་གུའི་ཆེད་དུ་སོ་སོའི་དུས་ཚོད་ག་ཚོད་ཅིག་བློས་བཏང་མྱོང་ངམ།       ཡང་གཅིག་བཤད་ན། ཕྲུ་གུའི་བསམ་བློའི་རང་དབང་དང་འདོད་མོས་སྐྱེད་སྲིང་བྱ་རྒྱུ་དེ་ནི་ནུབ་ཕྱོགས་སློབ་གསོའི་གཞི་རྩ་དེ་ཡིན་པས། ཁྱེད་ཅག་གིས་དེ་ལྟར་གནང་གི་ཡོད་དམ། མེད་དེ། ཁྱེད་ཅག་གིས་ཕྲུ་གུ་ལ་དེ་མ་བྱོས། འདིར་མ་ཐུག  དེ་མ་བཤད། འདི་མ་སྒྲུབས་སོགས་ཟེར་ནས་བོད་པའི་ཨལ་བྷར་ཊི་ཨིན་སིན་ཊིན(Albert Einstein)ཆུང་ཆུང་གི་གསར་གཏོད་བསམ་བློའི་སྒོ་མོ་ག་ཚོད་ཅིག་ལ་སྒོ་ལྕགས་བརྒྱབ་ཡོད་དམ། ཕྲུ་གུའི་བསམ་བློའི་འདོད་མོས་ལ་མ་ལྟོས་པར་སོ་སོའི་ཁོམ་ལོངས་ལ་དཔག་ནས་ཕྲུ་གུའི་འདོད་མོས་ཀྱི་ཟས་གོས་ལ་བཙན་འཛུལ་བྱས་ནས་བོད་པའི་བེ་ལེམ་ཤཱ་ཁུ་སི་ཕེ་ཡར་(William Shakespeare )ཆུང་ཆུང་གི་འདོད་མོས་རང་དབང་ག་ཚོད་ཅིག་དམར་གསོད་བཏང་ཡོད་དམ།

ཁྱེད་ཅག་གི་བསམ་པར་ནུབ་ཕྱོགས་ཀྱི་ཕ་མའི་སློབ་གསོ་ནི་ཕྲུ་གུར་ཟས་གོས་གཡོག་རྒྱུག་དང་འགྲོ་གྲོན་ཕོན་ཆེན་བཏང་ནས་སློབ་གྲྭར་བསྐྱལ་བ་ཙམ་གྱིས་འགྲིག་འདུག་སེམས་ཀྱི་ཡོད་དམ།  མི་འགྲིག་སྟེ། ཕ་མ་ཞིག་ཡིན་ཚེ་རང་གི་ཕྲུ་གུའི་བསམ་བློའི་ནུས་པ་དང་སེམས་ཀྱི་འཁྱེར་ཕྱོགས།  རིག་པའི་སྒྱུ་རྩལ་དང་འདོད་པའི་དམིགས་ཡུལ། ཐ་ན་སྐད་ཆ་ཅི་ཞིག་བཤད་ན་དགའ་སྤྲོ་སྐྱེས་མིན་དང་རྣམ་འགྱུར་ཅི་ཞིག་བསྟན་ན་ཀུན་སྤྱོད་ཡར་རྒྱས་འགྲོ་མིན་གྱི་ངེས་ཤེས་ཡོད་པའི་སྒོ་ནས་ཕྲུ་གུ་འདི་སློབ་གྲྭ་གང་དུ་བསྐྱལ་མིན་དང་དགེ་རྒན་ཅི་འདྲ་ཞིག་བསྟེན་མིན། ད་དུང་ཞི་དྲག་གི་སློབ་གསོ་གང་བེད་སྤྱད་ན་ཕྲུ་གུར་ཕན་མིན་དང་འཇམ་རྩུབ་ཀྱི་རྣམ་འགྱུར་གང་བསྟན་ན་ཕྲུ་གུའི་ཀུན་སྤྱོད་ཡར་རྒྱས་འགྲོ་མིན་གྱི་ཐབས་ལམ་ལ་བྱང་དགོས་པར་མ་ཟད། མཚམས་མཚམས་སུ་ཕ་མ་ནི་ཕྲུ་གུའི་གྲོད་ཁོག་ནང་གི་འབུ་སྲིན་ལྟར་ཕྲུ་གུས་ཁ་གདང་ན་སྐད་ཆ་གང་ཞིག་འཆད་མིན་དང་རྐུབ་ཡར་བཀྱག་ན་བཙོག་པ་ཅི་འདྲ་ཞིག་གཏང་རྒྱུ་ཡིན་མིན་གྱི་རྒྱུས་ཡོད་བྱེད་དགོས་པ་མ་གཏོགས།    ཕྲུ་གུའི་འདོད་མོས་དང་བསམ་ཕྱོགས་མི་ཤེས་པའི་ཕ་མ་ཞིག་གིས་ནུབ་ཕྱོགས་སློབ་གསོ་གླེང་ན་ཅུང་ཐལ་དྲག་མ་སོང་ངམ། སྤྱིར་སློབ་གསོ་ཟེར་བ་འདི་ཁ་ནས་བཤད་ན་ལས་སླ་བོ་ཞིག་དང་ལག་ལེན་བསྟར་ན་སྒྲུབ་ཁག་པོ་ཞིག་ཡིན་པ་བཤད་ཅི་ལ་དགོས། ལྷག་པར་དུ་ང་ཚོ་དགེ་རྒན་ཚོ་ནི་སྒྲུབ་ཁག་པའི་ལས་སྣེ་ཞིག་ན་ཡོད་དུས་ཕ་མ་ཁྱེད་ཅག་གི་རྒྱབ་སྐྱོར་ནི་སེམས་ཤུགས་འཕར་བའི་སྨན་མཆོག་ཡིན་མོད། འོན་ཏེ་ཕ་མ་ཁ་ཤས་ཤིག་གིས་དགེ་རྒན་ལ་སེམས་ཤུགས་སྤར་རྒྱུ་ཕར་ཞོག་སེམས་ཤུགས་མེད་པར་བཏང་ནས་དགེ་རྒན་ཚང་མ་ཚོར་མེད་ཤེས་མེད་ཀྱི་གླ་ཕོགས་ཁོ་ན་ཟ་བའི་འཕྲུལ་ཆས་སུ་བསྒྱུར་གྱིན་འདུག

རྒྱུ་མཚན་གང་གིས་ཕྱིར་ཟེར་ན། སློབ་ཕྲུག་གིས་ནོར་འཁྲུལ་བཟོས་ཡོད་ནའང་དགེ་རྒན་གྱིས་ནོར་འཁྲུལ་དག་སེལ་བྱས་མ་ཆོག་པར་ད་དུང་བསྟོད་བསྔགས་གཏོང་དགོས་པའི་དུས་ཚོད་ལ་བསླེབས་ཡོད་ཙང་བོད་ཕྲུག་གི་རྣ་ཟུང་མཁྲེགས་ལ་གཤིས་ཀ་གྱོང་བའི་སོན་རྩ་འདི་དག་བསླེབས་པ་རེད། གལ་སྲིད་དགེ་རྒན་ཞིག་གིས་སེམས་ཤུགས་བསྐྱེད་ནས་སློབ་ཕྲུག་ག་གེ་མོ་ཞིག་ལ་ཞི་དྲག་གཉིས་ཀྱི་ཐབས་ལམ་བེད་སྤྱད་ནས་སློབ་ཕྲུག་དེའི་གཤིས་ངན་ལ་བཟོ་ལྟ་རེ་བཟོས་ཚེ། སང་ཉིན་དགེ་རྒན་དེའི་མིང་བྱང་སློབ་གྲྭ་དེ་གའི་ཡིག་ཚང་དུ་བསྐྱལ་ཡོད་པར་མ་ཟད། དགེ་རྒན་དེའི་མི་གཤིས་འགྲིག་གི་མི་འདུག་དང་དགེ་རྒན་དེ་ལ་ཐབས་ལམ་དེ་མ་གཏོགས་མེད་དམ་ཟེར་ནས་གྱོད་དོན་རྙོག་དྲ་གང་གི་སྒོ་ཆེན་ཕྱེས་ཡོད་པས། དགེ་རྒན་སུ་ཡིན་ནའང་འདི་ལྟ་བུའི་རྙོག་དྲའི་ནང་དུ་ལྷུང་འདོད་མེད་པར་མ་མཐོང་མ་ཤེས་དང་མ་ཐོས་མ་རིག་ངང་ནས་དུས་ཚོད་བསྐྱལ་ཐབས་བྱེད་ཀྱིན་པའི་གནས་སྟངས་འདི་བྱུང་བ་རེད། འདི་ལྟར་མུ་མཐུད་ནས་སོང་ཚེ་ཕྲུ་གུ་གང་མང་ཞིག་གི་ཤེས་ཡོན་དང་ཕྲུ་གུ་གང་མང་ཞིག་གི་མདུན་ལམ། ཕྲུ་གུ་གང་མང་ཞིག་གི་བསམ་བློ་ལ་སྒོ་ལྕགས་བརྒྱབ་ཡོད་པའི་ནག་ཉེས་འདི་སུས་འཁུར་རམ།    ཡང་གཅིག་བཤད་ན། ཕ་མ་ཁྱེད་ཅག་གིས་མ་ན་མ་ཚ་བར་ཕྲུ་གུ་བཙའ་ཐུབ་ཀྱིན་ཡོད་དམ། དེ་བཞིན་དུ་ཤེས་ཡོན་ནི་དཀའ་སྡུག་དང་འབད་བརྩོན་གྱི་ལམ་ཁ་འདི་ངེས་པར་དུ་བསྒྱུར་དགོས་པའི་རྒྱུན་ཤེས་འདི་འདྲ་ཡང་ཤེས་ཀྱིན་མེད་དམ།   འདི་འདྲའི་རྒྱུན་ཤེས་ཙམ་ཡང་མེད་མཁན་གྱི་ཕ་མ་ཞིག་གིས་ཕྲུ་གུ་ལ་ལྟ་རྟོག་ཇི་ལྟར་གནང་གི་ཡོད་དམ།  ཕྲུ་གུ་གཉོར་སྐྱོང་བྱེད་སྟངས་དེ་ཁྱི་ཕྲུག་གཉོར་བ་བཞིན་ཟ་མ་སྤྲད་པ་ཙམ་དང་འཆམ་འཆམ་ལ་ཁྲིད་པ་ཙམ་གྱིས་འགྲིག་གི་མེད་དེ། ཕྲུ་གུ་དེ་མ་འོངས་བ་ན་འཇོན་པོ་ཞིག་དང་བསམ་བློ་བ་ཞིག་བཟོ་དགོས་པའི་ན། དང་པོར་ཕྲུ་གུ་དེའི་བསམ་བློ་ཡར་རྒྱས་གཏང་བར་སྐད་ཆ་ཅི་ཞིག་བཤད་དགོས་མིན་དང་ཕྲུ་གུ་དེའི་འདོད་མོས་རྒྱུན་འཁྱོང་བྱ་བར་ལྟད་མོ་ཅི་ཞིག་སྟོན་དགོས་མིན་གྱི་བསམ་བློ་ལ་སྒྲོམ་གཞི་ཞིག་དང་སྟ་གོན་ཞིག་གི་ཐབས་ལམ་དགོས་པ་ལས་ཁྱི་ཕྲུག་གཉོར་གཉོར་བྱས་ན་ག་ལ་འགྲིག་གོ།།

ཁྱེད་ཅག་ལ་འདི་ལྟ་བུའི་སྟ་གོན་དང་བསམ་བློ་ཅི་ཡང་མེད་པར་བཤད་ཐོས་ཉན་ཐོས་ཀྱི་སློབ་གསོ་ཁ་ཆག་རྣ་རལ་གྱི་སྐད་ཆ་འགའ་ལ་མགོ་འཐོམས་ནས་སློབ་གསོ་མཁས་མདོག་ཁ་བོ་དང་ཕྲུ་གུ་སྐྱོང་མདོག་ཁ་བོ་ཡིས་དགེ་རྒན་དེ་ཡི་སྐད་ཆ་བཤད་སྟངས་འགྲིག་གི་མི་འདུག་དང་། དགེ་རྒན་དེ་ཡིས་ངའི་ཕྲུ་གུ་ལ་རྡུང་རྡེག་བྱས་སོང་ཟེར་ནས་སྐྱོན་ཆ་ཡོད་ཚད་དགེ་རྒན་ཚོར་དཀྲིས་པ་ནི་ཇི་འདྲའི་ཡ་ང་བ་མ་རེད་དམ།  འདི་ལྟར་ཕྲུ་གུའི་སེམས་ནང་དུ་ལྟ་བ་ངན་པ་དང་བསམ་བློ་ངན་པ་འཇོག་པ་ནི་རང་གི་ཕྲུ་གུའི་བསམ་བློ་ལོག་ལམ་དུ་ཁྲིད་ཀྱིན་ཡོད་པས། ཧྥ་རན་སིའི་སློབ་གསོ་སྨྲ་བ་ལུའུ་སོ་ཡིས“སློབ་གསོ་ངན་པ་ཐེབས་པའི་བྱིས་པ་དེ་སློབ་གསོ་གཅིག་ཀྱང་མ་ཐོབ་པའི་བྱིས་པ་དཀྱིས་མའི་སྤྱང་གྲུང་ལས་ཤིན་ཏུ་དམན”ཟེར་བ་ལྟར། དོན་དེད་ན་ཁྱེད་ཅག་གིས་རང་གི་ཕྲུ་གུ་སྤྱོད་ངན་ཞིག་དང་ལེ་ལོ་ཅན་དུ་བཟོ་ཡི་ཡོད་པས། ཕྲུ་གུའི་བསམ་བློ་རུ་ངས་ནང་ལས་མ་བྲིས་ཀྱང་ཆོག སློབ་སྦྱོང་མ་བྱས་ཀྱང་འགྲིག  དགེ་རྒན་གྱིས་ང་ལ་ཅི་ཡང་བྱ་མི་ཐུབ། གང་ཡིན་ཟེར་ན་ངའི་རྒྱབ་རྩ་རུ་ཕ་མ་ཡོད་པས། ཕ་མས་དགེ་རྒན་ལ་གཤེ་གཤེ་གཏོང་ཐུབ་ལ་དམའ་འབེབས་ཀྱང་བྱ་ཐུབ་སྙམ་པའི་སེམས་པ་འདིས་སློབ་ཁྲིད་དུས་ཚོད་ལ་ཁྱོད་ཀྱི་ཕྲུ་གུ་ཕྱི་ལོག་དང་གསང་སྤྱོད་ནང་དུ་ཡོད་ལ། ཡིག་རྒྱུགས་དུས་ཚོད་ལ་ཁྱོད་ཀྱི་ཕྲུ་གུས་སྨྱུ་གུ་ཁ་ནང་དུ་བཙུག་སྟེ་འགྱོད་གདུང་གི་རྣམ་འགྱུར་མངོན་ཡོད་ལ་།འཆད་སྟེགས་དུས་ཚོད་ལ་ཁྱོད་ཀྱི་ཕྲུ་གུས་ངོ་གདོང་གི་རྔུལ་ནག་ཕྱིས་མི་ཚར་བར་ལས་གདས་མིག་ཟུང་ཁྱོད་ཚོར་བགྲད་ཡོད་པས་ན། འདི་དག་གི་མཇུག་འབྲས་ཚང་མ་ཁྱེད་ཅག་གི་བཀའ་དྲིན་ཡིན་པས་ཕྲུ་གུས་ཁྱོད་ཚོ་ལ་འཁེང་ར་མི་བྱེད་སུ་ལ་བྱ།

ད་འདི་ལྟར་སོང་ན་ཁྱོད་ཀྱི་ཕྲུ་གུ་དེའི་མ་འོངས་པ་ཅི་འདྲ་ཞིག་ཆགས་སམ། ཁྱེད་ཅག་གིས་གནས་ལུགས་མེད་པ་ཞིག་ལ་རྒྱབ་སྐྱོར་དང་བསྟོད་བསྔགས་བྱས་ནས་ཤ་ཚ་ཡོད་མདོག་མདོག་བྱས་པ་དེ། དོན་དེད་ན་ཕྲུ་གུ་ཞིག་གི་འབྱུང་འགྱུར་གྱི་བདེ་སྐྱིད་མེད་བརླག་བཏང་པ་དང་གཅིག་པ་རེད།  འདི་ལ་ཧྥ་རན་སིའི་སློབ་གསོ་སྨྲ་པ་ཇཱེ་ལཱ་ཡིས“བདེ་སྐྱིད་ཀྱི་འབྱུང་རྩ་ཤེས་ཡོན་ལ་ཐུག་ཡོད”ཟེར་བ་ལྟར། ཁྱེད་ཅག་གིས་རང་གི་ཕྲུ་གུའི་ཤེས་ཡོན་གྱི་གོ་སྐབས་བཙན་འཕྲོག་བྱས་ནས་བདེ་སྐྱིད་ཀྱི་འབྱུང་རྩར་གཏོར་གཤིག་གཏང་གི་ཡོད་པའི་ནག་ཉེས་འདི་ཇི་ལྟར་འཁུར་རམ།

སྤྱིར་ཕྲུ་གུ་ཞིག་སྐྱོང་རྒྱུ་ནི་ལས་སླ་བོ་ཞིག་མིན་ཏེ་རྒྱུ་དང་འབྱོར་བ། མཁས་དང་དབང་གྲགས་གཅིག་པོས་མི་ཡོང་བར་འདི་ལ་སྐྱོང་མཁན་དེའི་བློ་ཕུགས་སུ་ངང་རྒྱུད་རིང་པོ་ཞིག་གི་བསམ་བློ་མཁོ་སྟེ་ཨ་རིའི་མཁས་པ་ཡཱོ་ཧན་ཞུན་གྱིས“རླབས་ཆེན་གྱི་ལས་དོན་ནུས་ཤུགས་ཀྱིས་བསྒྲུབས་པ་མ་ཡིན་པར་ངང་རྒྱུད་ཀྱིས་བསྒྲུབས་པ་ཡིན།”གསུངས་པ་ལྟར་ལྷག་པར་དུ་ཕྲུ་གུའི་གཤིས་ཀའི་ནང་དུ་ལས་ཀ་གང་ཞིག་སྒྲུབ་ཀྱང་ཁོ་ལ་ཡང་ཡང་དྲན་གསོ་བྱ་དགོས་པ་ཞིག་དང་ཡང་ཡང་སྐུལ་འདེད་བྱ་དགོས་པའི་གོམས་གཤིས་ཤིག་ཡོད་པའི་ན།གོམས་གཤིས་འདི་ངང་རྒྱུན་ཡོད་མཁན་ཞིག་གིས་མ་གཏོགས་སྒྲུབ་མི་ཕོད་དོ།།ད་གང་ལྟར་མདོར་རྩ་ཞུས་ན།ཕ་མ་དང་དགེ་རྒན་ཚོས་དམིགས་ཡུལ་འཛིན་ཕྱོགས་གཅིག་པ་ཡིན་པས། ཚང་མའི་སེམས་སུ་ཕྲུ་གུ་འདིའི་སློབ་སྦྱོང་ཡག་པོ་ཞིག་དང་མི་ཚེ་སྐྱིད་པོ་ཞིག་བྱུང་ན་བསམ་པའི་སེམས་བྱུང་དེ་ལས་མ་འདས་པས། གཅིག་གཅིག་ལ་ངན་ཁག་མི་དཀྲི་བར་ཚང་མས་སྟོབས་ཤུགས་མཉམ་འདེགས་དང་གཅིག་གིས་གཅིག་ལ་རྒྱབ་སྐྱོར་ཡག་པོ་གནང་རོགས་གནང་ཟེར་བའི་སྐད་ཆ་འདིའོ།།

བསྐྱར་བཅོས།: ༢༠༡༩/༠༥/༠༡

Leave a Reply

4 thoughts on “དགེ་རྒན་ཞིག་གིས་ཕ་མ་རྣམས་ལ་སྤྲིངས་པའི་རེ་སྐུལ།

  1. ལྷག་བསམ་དང་འགན་ཁུར། བློས་གཏོང་བཅས་ཀྱིས་རང་ཉིད་ཀྱི་ཆུ་ཚོད་ཡོད་ཚད་སློབ་ཕྲུག་ཚོའི་ཆེད་གཏོང་བཞིན་པའི་རྒན་ལགས་ཟླ་བ་ཁྱེད་རང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད། དཔེ་སློན་སློབ་གྲྭའི་ནང་སློབ་ཕྲུག་ཚོར་བོད་ཡིག་གི་ཆུ་ཚད་མཐོན་པོར་གཏོང་ཐབས་ཐབས་ཤེས་དང་ལྡན་པ་ཞུ་བཞིན་པར་སྙིང་ནས་བཀའ་དྲིན་ཆེ།

    1. ཚེ་རིང་སྐྱིད་འཛོམས།

      རྒན་ལགས་ཀྱི་སེམས་ཤུགས་ཀྱིས་ཤོར་བའི་དཔྱད་རྩོམ་ལ་རྗེས་སུ་ཡིད་རང་ཞུ།

      ངའི་ཕྲུག་གུའི་ངོར་ཁྱེད་ཀྱིས་བྱམས་སྐྱོང་ངང་སེམས་ཤུགས་ཏིང་ནས་སྤར་བའི་གནས་སྐབས་ཞིག་ནམ་ཡང་བརྫེད་ཐབས་མི་འདུག དེ་ཡང་དགེ་རྒན་ཕ་མའི་ཚོགས་འདུ་ཞིག་སྐབས་གུས་མོས་“ངའི་ཕྲུག་གུར་ཏོག་ཙམ་ཅུན་དགོས་པས་ཅུན་རོགས་” ཞུས་པས། ཉིད་ཀྱིས“ཅུན་དགོས་མི་འདུག ཅུན་དགོས་མི་འདུག ཕྲུག་གུ་ནི་ཡག་པོ་ཞེ་དྲག་ཡོད་ལ། ལོ་ན་འདི་ལ་བསམ་བློའི་འཁྱེར་བཟོ་འདི་ལྟར་ཡོད་པ་ཧ་ལས་པའི་ཡག་པོ་རེད་བཅས་བརྗོད་པ་” དང་། ཕྲུག་གུས་ཕྱག་བརྡབ་ (High five) ཞུས་པར་བརྡབ་ལན་གནང་པར་ཕྲུག་གུའི་འདེངས་སྤོབས་འཕར་བ་དང་། ཕྲུག་གུར་དགེ་རྒན་གྱི་རྒྱབ་སྐྱོར་ཚོར་བས་ དུས་རྟག་ཏུ་ཡག་པོ་བྱེད་རྒྱུར་སེམས་ཤུགས་སྐྱེས་འདུག་པ་འདིར་གོ་སྐབས་བཟུར་ནས། ཁྱེད་དང་རྒན་པ་སངས་ལགས་སོགས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཞུ་འདོད་ཆེ།