ཉི་ཧོང་གོང་མར་འཚམས་འདྲི་མཛད།

ཉི་ཧོང་གོང་མ་ཁྲི་འདོན་གནང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་བསྩལ་ཏེ་ཡབ་ཆེན་གོང་མའི་མཛད་པ་རྒྱུན་སྐྱོང་གནང་བའི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད་ཅེས་གསུངས་འདུགཁ་སང་ཕྱི་ཚེས་ ༡ ཉིན། ཉི་ཧོང་གི་གོང་མ་ནཱ་རོ་ཧེ་ཏོ(Naruhito)མཆོག་ཁྲི་སྟོན་མཛད་སྒོ་ཚོགས་ཏེ། ཉི་ཧོང་ཧེ་གོང་མ་སིའི་ཁྲི་ལོ་མཇུག་བསྒྲིལ་ནས་གོང་མ་རེ་ཝེ(Reiwa)ཁྲི་ལོ་མགོ་བཙུགས་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནཱ་རོ་ཧེ་ཏོ་མཆོག་ཉི་ཧོང་གོང་མའི་ཁྲི་ལ་ཕེབས་ཏེ། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉི་ཧོང་གོང་མའི་ཁྲི་ལོ་གསར་པ་མགོ་ཚུགས་པར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་འདུག

འཚམས་འདྲིའི་གསུང་འཕྲིན་ནང་། མི་རྗེ་ནཱ་རོ་ཧེ་ཏོ་མཆོག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉི་ཧོང་གོང་མའི་ཁྲི་ལ་ཕེབས་ཏེ་རེ་ཝེ་ཁྲི་ལོ་གསར་པ་མགོ་ཚུགས་པར་ངོས་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། མི་རྗེ་གང་ཉིད་ཀྱི་ཡབ་ཆེན་གོང་མ་ཁྲི་ཟུར་མཆོག་གིས་འབངས་མི་སེར་བྱམས་ཀྱིས་བསྐྱངས་ཤིང་། རྒྱལ་ཁབ་དང་མི་དམངས་ཀྱི་ལས་དོན་ཁུར་དུ་བླངས་པའི་མཛད་པ་ཁག་གང་ཉིད་ཀྱིས་རྒྱུན་འཁྱོངས་གནང་རྒྱུའི་སྙིང་སྟོབས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ངོས་ནས་ཉི་ཧོང་མི་དམངས་ཀྱིས་དཀའ་སྤྱད་སྡུག་རུས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་ཐལ་རྡུལ་ཁྲོད་ནས་བསྐྱར་དུ་ལངས་ཐུབ་པར་གུས་བཀུར་ཞུ་བཞིན་ཡོད། དམག་འཁྲུག་རྗེས་ཀྱི་ལོ་ངོ་ཁ་ཤས་ནང་ཉི་ཧོང་ལ་སྔོན་ཆད་བྱུང་མྱོང་མེད་པའི་རང་བྱུང་གོད་ཆག་རབ་དང་རིམ་པ་ཞིག་བྱུང་ཡོད་ཀྱང་། ཉི་ཧོང་མི་དམངས་ཀྱི་སྙིང་སྟོབས་དང་ཧུར་བརྩོན་གྱིས་དཀའ་ངལ་དེ་དག་ལས་གྲོལ་ཐུབ་ཡོད་པ་དང་།  ཕྱི་ལོ་ ༢༠༡༡ ལོར་མཚོ་སྐྱོམ་གྱིས་གནོད་འཚེ་ཕོག་ཡུལ་ཁག་ཏུ་ངོས་རང་ཕྱིན་ཏེ་དངོས་སུ་མིག་གིས་མཐོང་རྒྱུའི་གོ་སྐབས་བྱུང་བ་དང་། ངོས་ནས་ཡུལ་དེའི་གོད་ཆག་ཁྲོད་དཀའ་ངལ་མྱོང་བའི་མི་མང་ཚོར་ཐུག་འཕྲད་དང་འདས་པོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་བྱས་ཡོད།

འདས་པའི་ལོ་ ༥༠ ལྷག་གི་ནང་ངོས་རང་ཉི་ཧོང་ལ་ཡང་ཡང་བཅར་རྒྱུ་བྱུང་སྟེ། འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་བྱམས་བརྩེ་དར་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ་ཡོང་བའི་འབད་བརྩོན་བྱས་པར་ཉི་ཧོང་མི་དམངས་མཐོ་དམན་བར་གསུམ་ཀུན་གྱིས་རྗེས་སུ་ཡི་རང་དང་དོ་སྣང་གནང་བར་དགའ་སྤོབས་བྱུང་། མཐར་མི་རྗེ་གང་ཉིད་ཀྱི་མཛད་འཕྲིན་རྒྱས་ཤིང་ཉི་ཧོང་མི་དམངས་ལ་བདེ་སྐྱིད་ལྡན་པ། རེ་ཝེ་ཁྲི་ལོ་གསར་པས་འཛམ་གླིང་འདིར་སྔར་ལས་ལྷག་པའི་ཞི་བདེ་དང་བྱམས་བརྩེ་དར་སྤེལ་གྱི་ལེགས་སྐྱེས་འབུལ་ཐུབ་པའི་སྨོན་འདུན་ཡོད། ཅེས་གསུངས་འདུགཁ་སང་ཁྲི་སྟོན་མཛད་སྒོའི་ཐོག་གོང་མ་གསར་པའི་གསུང་བཤད་གནང་སྐབས་ནཱ་རོ་ཧེ་ཏོ་མཆོག་གིས། ངས་ཡབ་ཆེན་གོང་མ་ཁྲི་ཟུར་ཨ་ཁེ་ཧེ་ཊོ(Akihito)མཆོག་གི་ཞབས་རྗེས་འབྲང་ནས་ཉི་ཧོང་གི་གོང་མ་རིམ་པའི་མཛད་པ་སྐྱོང་ཐབས་བྱ་རྒྱུ་དང་། རང་ཉིད་ཡར་རྒྱས་གཏོང་ཐབས་ཐད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ནཱ་རོ་ཧེ་ཏོ་མཆོག་ནི་ཕྱི་ལོ་ ༡༩༦༠ སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་རིམ་བརྒྱུད་ཀྱིས་ཕྱི་ལོ་ ༡༩༨༢ ལོར་ཉི་ཧོང་གྷ་ཁོ་ཤིན་གཙུག་ལག་སློབ་གྲྭ(Gakushuin University)ནས་ལོ་རྒྱུས་རིག་པའི་ཐོག་སློབ་མཐར་ཕྱིན་ཡོད་པ་དང་། ལོ་དེའི་རྗེས་དབྱིན་ཇིའི་ཨོ་སི་ཧྥོར་ཊི་གཙུག་ལག་སློབ་ཆེན་དུ་ཞུགས་ཏེ་ཕྱི་ལོ་ ༡༩༨༦ བར་དབྱིན་ཇིའི་སྐད་ཡིག་ཐོག་སློབ་སྦྱོང་གནང་། ཕྱི་ལོ་༡༩༩༣ ལོར་ཧ་ཝ་ཊི་གཙུག་ལག་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་མཱ་ས་ཀོ་ཨོ་ཝ་དྷ(Masako Owada)ཞེས་པའི་མི་དམངས་དཀྱུས་མའི་བུ་མོ་ཞིག་དང་གཉེན་སྒྲིག་བྱས་ཡོད་པ་དང་། ཁོང་ད་ལོར་དགུང་ལོ་ ༥༩ ཡིན་འདུག
ཉི་ཧོང་གི་གོང་མ་རིམ་ཕེབས་ལ་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ཡོད་པ་དང་། གོང་མ་གསར་པ་ནཱ་རོ་ཧེ་ཏོ་མཆོག་ནི་ཉི་ཧོང་གི་གོང་མ་ ༡༢༦ པ་དེ་ཆགས་ཡོད་འདུག ཕྱི་ལོ་ ༡༩༨༩ ལོར་གོང་མ་ཧི་རོ་ཧི་ཏོ་མཆོག་དགོངས་པ་རྫོགས་ནས་གོང་མ་ཨ་ཁེ་ཧེ་ཊོ་མཆོག་གོང་མའི་ཁྲི་ལ་ཕེབས་གནང་ཡོད་པ་དང་། སྐབས་དེར་ཉི་ཧོང་མི་དམངས་ཀྱིས་ཡབ་ཆེན་གོང་མ་མཆོག་ལ་མྱ་ངན་དང་གོང་མ་གསར་པ་ལ་དགའ་སྟོན་ཤུགས་ཆེན་ཞུས་ཡོད་འདུག  ཉི་ཧོང་ནང་སྔར་རྒྱུན་བཞིན་མི་མང་གིས་གོང་མ་རིམ་བྱོན་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ད་ལན་གོང་མ་ཁྲི་སྟོན་མཛད་སྒོ་དང་བསྟུན་ཉི་ཧོང་རྒྱལ་ཡོངས་སུ་ཉི་མ་ ༡༠ རིང་གུང་གསེང་བཏང་སྟེ་དགའ་སྐྱིད་ལ་རོལ་གྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༠༢

Leave a Reply