བོད་ནང་ནས་ལོ་ངོ་འབུམ་གཅིག་ལྷག་གི་ལོ་རྒྱུས་ལྡན་པའི་འགྲམ་རུས་འགྱུར་རྡོ་ཐོན་འདུག་ཟེར།

བོད་བླ་བྲང་གི་རྒན་གྱའི་བྲག་ཕུག་ནས་བརྙེད་པའི་འགྲམ་རུས་འགྱུར་རྡོ་ཞིག་ལ་ལོ་འབུམ་གཅིག་དང་ཁྲི་ ༦ གི་ལོ་རྒྱུས་ལྡན་ཞིང་ཤིན་ཏུ་དཀོན་པའི་ཌན་ནི་སོ་ཝན་མི་རིགས་ཀྱི་འགྲམ་རུས་ཤིག་ཡིན་སྐོར་བསྒྲགས་འདུགདེ་རིང་རང་བྱུང་ཁམས་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔོན་བོད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡ་གྱལ་རྒན་གྱའི་གནས་རི་རྩ་ཆེན་རྒན་གྱའི་བྲག་དཀར་གནས་ཁང་ནས་ཐོན་པའི་མིའི་འགྲམ་རུས་འགྱུར་རྡོ་དེར་ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད། དེ་ནི་ལོ་ངོ་འབུམ་གཅིག་དང་ཁྲི་ ༦ ཡར་སྔོན་དུ་བྱུང་བའི་ཌན་ནི་སོ་ཝན་(Denisovan)མི་རིགས་ཀྱི་འགྲམ་རུས་ཤིག་ཡིན་པ་དང་། འགྱུར་རྡོ་དེའི་ཐོག་ནས་གདོད་མའི་དུས་རབས་བར་མའི་སྐབས་(Middle Pleistocene)བོད་དུ་འགྲོ་བ་མི་དང་སྲོག་ཆགས་ཀྱི་རིགས་འཚོ་གནས་བྱས་ཡོད་པ་ར་འཕྲོད་ཡོད་སྐོར་བསྒྲགས་འདུག

བོད་མི་ཁག་ཅིག་གིས་འགྲམ་རུས་དེ་ཐོག་མར་ཇི་ལྟར་རྙེད་པའི་སྐོར་བརྗོད་པ་ལྟར་ན། འགྲམ་རུས་དེ་ཐོག་མར་ཕྱི་ལོ་ ༡༩༨༠ ལོར་རྒན་གྱའི་གྲྭ་པ་ཞིག་གིས་རྙེད་སོན་བྱུང་ཞིང་། ཕྱིས་སུ་རྗེ་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་ཚང་གིས་ལན་ཀྲུའུ་སློབ་ཆེན་ལ་ཞིབ་འཇུག་གི་རྒྱུ་ཆར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ནས་ཞིབ་འཇུག་བྱེད་མགོ་བརྩམས་ཡོད་འདུག

ཐེངས་འདིའི་ཌན་ནི་སོ་ཝན་མི་རིགས་ཀྱི་འགྲམ་རུས་འགྱུར་རྡོ་དེར་བརྟག་དཔྱད་བྱེད་མཁན་ཌན་མག་གི་(University of Copenhagen)གཙུག་ལག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཧྥི་རེ་ཌོ་ཝལ་ཁེར་(Frido Welker)ལགས་ཀྱིས། ང་ཚོས་འགྲམ་རུས་འགྱུར་རྡོ་ཡི་སྟེང་ནས་ཁྲག་རྒྱུན་(DNA)བརྟག་དཔྱད་བྱེད་པའི་རྒྱུ་ཆ་མ་རྙེད་སྟབས། སྤྲི་དཀར་རྫས་ལ་བརྟག་དཔྱད་བྱས་སྐབས། འགྲམ་རུས་དེ་ནི་ལོ་ངོ་ས་ཡ་མང་པོའི་གོང་དུ་བྱུང་བའི་གདོད་མའི་སྲོག་ཆགས་(Hominin)ནས་རིགས་རྒྱུད་མཆེད་ཡོང་བ་ར་འཕྲོད་བྱུང་། ཞེས་བརྗོད་འདུག

ཁ་ན་ཌའི་རྒྱལ་ས་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་འགྱུར་རྡོ་ཞིབ་འཇུག་པ་བྷན་སི་ཝོ་ལ་(Bence Viola)ལགས་ཀྱིས། ང་ཚོས་ཌན་ནི་སོ་ཝན་མི་རིགས་སྐོར་ལ་ཞིབ་འཇུག་བྱས་ཏེ་ལོ་ ༡༠ འགྲོ་ཡི་ཡོད་ཀྱང་། ཌན་ནི་སོ་ཝན་བྲག་ཕུག་ལས་ས་ཆ་གཞན་ཞིག་ནས་གཅིག་ཀྱང་རག་མེད་སྟབས། ད་རེས་ཌན་ནི་སོ་ཝན་གྱི་འགྱུར་རྡོ་ཞིག་ས་ཆ་གཞན་ནས་རག་པ་དེར་ཞིབ་འཇུག་བྱེད་པར་སྤྲོ་སྣང་ཆེན་པོ་བྱུང་། ཞེས་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་ཊག་སི་གཙུག་ལག་སློབ་གྲྭ་ཆེན་མོས་(University of Texas)ཉམས་ཞིབ་བྱས་པ་བརྒྱུད། བོད་མི་རིགས་ཀྱི་གཟུགས་པོའི་ནང་དུ་ཐུན་མོང་མ་ཡིན་པའི་ཌན་ནི་སོ་ཝན་མི་རིགས་ཀྱི་རྒྱུད་རྒྱུའི་(Denisovan Gene)ནུས་པ་ཁྱད་པར་ཅན་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ད་ལྟའི་ཆར་རྒྱུད་རྒྱུ་དེ་འགྲོ་བ་མིའི་རིགས་གཞན་སུལའང་མེད་པར་བཤད་ཡོད་པ་དང་། ད་རེས་ཀྱི་འགྲམ་རུས་དེས་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་དུ་མིའི་རིགས་བྱུང་ཚུལ་གྱི་ལྟ་གྲུབ་ལ་ཁ་སྐོང་ཆེན་པོ་ཞིག་བྱས་ཡོད་སྐོར་བརྗོད་འདུག

ཌན་ནི་སོ་ཝན་མི་རིགས་ཀྱི་རུས་པ་ནི་ཐོག་མར་ཨུ་རུ་སུའི་བྱང་ཕྱོགས་མངའ་སྡེ་སི་བྷི་རེ་ཡའི་ཌན་ནི་སོ་ཝན་བྲག་ཕུག་ནས་ཐོན་ཡོད་སྟབས། རུས་པ་དེ་རིགས་ཀྱི་མིང་ལའང་ཌན་ནི་སོ་ཝན་ཞེས་བྲག་ཁུང་གི་མིང་བཏགས་ཡོད་ཅིང་། ད་བར་མིའི་རིགས་རྒྱུད་ཞིབ་འཇུག་ཁྲོད་ཀྱི་དམིགས་བསལ་ཞིབ་འཇུག་བྱ་ཡུལ་ཞིག་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་ཌན་ནི་སོ་ཝན་མི་རིགས་ཀྱི་རུས་པ་མང་པོ་རྙེད་ཡོད་པ་དང་། རུས་པ་དེ་དག་ལ་ལོ་ངོ་ཁྲི་ ༥ ཡི་ལོ་རྒྱུས་ལྡན་ཡོད་པ་གཏན་འཁེལ་བྱས་ནའང་།  རྒན་གྱའི་བྲག་དཀར་གནས་ཁང་ནས་ཐོན་པའི་འགྲམ་རུས་དེ་ལོ་ངོ་འབུམ་གཅིག་དང་ཁྲི་ ༦ ཕྱིན་ཡོད་སྟབས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༠༢

Leave a Reply

One thought on “བོད་ནང་ནས་ལོ་ངོ་འབུམ་གཅིག་ལྷག་གི་ལོ་རྒྱུས་ལྡན་པའི་འགྲམ་རུས་འགྱུར་རྡོ་ཐོན་འདུག་ཟེར།

  1. རྒྱ་ནག་གཞུང་ནས་བོད་མི་རིགས་ཀྱི་རིགས་རྒྱུད་རྒྱ་ནག་ནས་རྒྱུད་པ་ཡིན་ཟེར་བའི་རྫུན་ལྐུབ་བླུགས་པ་རེད།