ཆབ་སྲིད་བཙོན་ཟུར་ཞིག་སྐུ་གྲོངས།

ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ནང་མཉམ་ཞུགས་གནང་ཞིང་སྐབས་དེའི་གནས་ཚུལ་ཕྱི་ལ་མཁོ་སྤྲོད་བྱས་པའི་ཉེས་མིང་གཡོགས་པའི་ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྒྱ་མཚོ་ལགས་སྐུ་གྲོངས་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ། བོད་རེབ་གོང་བཙན་མོ་ཡང་སྟེང་སྡེ་བ་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྒྱ་མཚོ་ལགས་རང་ཁྱིམ་དུ་སྐུ་གྲོངས་ཡོད་པ་དང་། ཁོང་ནི་ཆུང་དུས་ནས་མི་རིགས་ཀྱི་ལར་ཞེན་ཆེན་པོ་ཡོད་པའི་ལྷ་བཟོ་བ་ཞིག་ཡིན་འདུག

འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། ཡེ་ཤེས་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་ཡོད་པ་དང་།   བོད་ནང་གི་གནས་ཚུལ་ཕྱིར་གྱར་དུ་བཅུག་པ། ལྷག་པར་དུ་རོང་བོ་དགོན་གྱི་གཙོས་རེབ་གོང་གི་ཞི་བའི་སྒེར་ལངས་ཀྱི་གནས་ཚུལ་བོད་ཕྱི་ལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་རྗེས། ཟླ་ཤས་རིང་བཀག་ཉར་བྱས་ཏེ་འདྲི་གཅོད་དང་གཅར་རྡུང་། མནར་གཅོད་དྲག་པོ་བཏང་རྐྱེན་སེམས་ཁམས་མི་བདེ་བར་གྱུར་ཡོད་པ་མ་ཟད། དེའི་རྐྱེན་གྱིས་གཟུགས་གཞིའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཏེ་སྐུ་གྲོངས་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱུན་དུ་མི་ཚོས་ལོ་སར་སྐབས་སོགས་སུ་ལྷ་སྐུ་མཆོད་བཤམ་སོགས་གྲ་སྒྲིག་བྱེད་སྲོལ་ཡོད་ནའང་། ཁོང་གིས་ཆུང་དུས་ནས་འབྲོང་མགོར་བོད་ཅེས་བྲིས་ཏེ་རྩིག་ངོར་འདོགས་པ་དང་། དེའི་སྟེང་དུ་སྲུང་མ་དམར་ནག་གཉིས་མཚོན་པའི་ཁ་དོག་ཅན་གྱི་དར་གོས་སོགས་འཐེན་པ། རྩིག་ངོས་གཞན་དུ་མེ་མདའ་རིང་པོ་ (བོའུ་རིང་) འདོགས་པ་སོགས་བྱས་ནས་ཆུང་དུས་ནས་མི་རིགས་ཀྱི་ལར་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག

ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྒྱ་མཚོ་ལགས་ནི་རེབ་གོང་བཙན་མོ་ཡ་སྟེང་སྡེ་པ་ནས་ཡིན་པའི་ལྷ་བཟོ་བ་ཞིག་ཡིན་ཞིང་། ཕ་སྐོ་ཏོ་དང་མ་བཙུན་མོ་སྐྱིད་གཉིས་ཀྱི་བུ་རུ་སྐྱེས་ཡོད་པ་དང་། ད་ལྟ་དགུང་ལོ་ ༥༠ དང་། ཁོང་ལ་བུ་གཉིས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༠༦

Leave a Reply