ཨོ་རི་སའི་ཆར་རླུང་གོད་ཆག་ལ་ཧིན་སྒོར་འབུམ ༡༠ གནང་།

༧གོང་ས་ཏཱ་ལའི་བླ་མའི་ཐེབས་རྩ་ནས་རྒྱ་གར་ཨོ་རི་ས་མངའ་སྡེ་སོགས་ཀྱི་ནང་ཆར་རླུང་གིས་གནོད་སྐྱོན་ཐེབས་པ་རྣམས་བསྐྱར་གསོའི་ཆེད་རོགས་དངུལ་ཧིན་སྒོར་འབུམ་ ༡༠ གནང་འདུགཁ་སང་ཕྱི་ཚེས་ ༥ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨོ་རི་ས་མངའ་སྡེའི་བློན་ཆེན་ནཱ་ཝཱན་པཱ་ཊི་ནེག(Naveen Patnaik)མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྐུར་གནང་ཡོད་པ་མ་ཟད།  གནོད་ཐེབས་མི་མང་གི་ཆེད་དུ་ཧིན་སྒོར་འབུམ་ ༡༠ ཞལ་འདེབས་སུ་གནང་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། བློན་ཆེན་མཆོག་དང་ཁོང་གི་སྲིད་གཞུང་གིས་མགྱོགས་མྱུར་ངང་མི་མང་བདེ་འཇགས་ཀྱི་གནས་སུ་སྤོ་ཐུབ་ཡོད་སྟབས། མི་མང་པོ་ཞིག་ལ་གནོད་སྐྱོན་ཆེན་པོ་ཐེབས་མེད་པ་དེར་ཡི་རངས་བསྔགས་བརྗོད་ཡོད། ཆར་རླུང་གོད་ཆག་གི་རྐྱེན་གྱིས་མི་མང་པོ་ཞིག་གི་རྒྱུ་ནོར་ལ་གྱོང་གུད་ཕོག་པ་དང་། ཆར་རླུང་ཁྲོད་འདས་གྲོངས་སུ་སོང་བའི་ནང་མི་ཚོར་བསྔོ་སྨོན་དང་ཐུགས་གསོ་ཞུ་བཞིན་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། གོད་ཆག་ཐད་གཞུང་ངོས་ནས་རོགས་སྐྱོར་གང་ཐུབ་པ་བྱས་ཚར་ཡོད་པ་དང་། ངལ་སེལ་རོགས་སྐྱོར་མུ་མཐུད་འགྲོ་བཞིན་པར་ཡི་རངས་བསྔགས་བརྗོད་དང་། ཕྱོགས་མཚུངས་ཨོ་རི་ས་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་གོད་ཆག་བསྐྱར་གསོའི་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གནང་ཡོད་སྐོར་གསུངས་འདུག

ཨོ་རི་སའི་ཆར་རླུང་དེ་ཉིན་གྲངས་གཉིས་རིང་བརྒྱབས་ཡོད་པ་དང་། ཁ་སང་གཟའ་ཉི་མའི་ཉིན་ཨོ་རི་ས་གཞུང་ངོས་ནས་ད་ལྟའི་ཆར་ཆར་རླུང་ཁྲོད་འདས་གྲོངས་སུ་སོང་བའི་མི་གྲངས ༣༨ ལ་འཕར་ཡོད་པ་དང་། གཞུང་ངོས་ནས་གོད་ཆག་ཁྲོད་གྱོང་གུད་ཐེབས་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་། མི་གྲངས་ས་ཡ་ ༡ ལྷག་འཚོ་གནས་བྱས་ཡོད་པའི་གྲོང་གསེབ་ ༡༤༨༣༥ དང་གྲོང་བརྡལ་ ༤༦ ནང་ཆར་རླུང་གི་ཤུགས་རྐྱེན་ཐེབས་ཡོད་པ་དང་། སྡོད་ཁང་དང་ཞིང་ཁ། ལམ་སོགས་ཧིན་སྒོར་ས་ཡ་ ༡༢༠༠ ལྷག་གི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་སྐོར་བརྗོད་འདུག

སྨན་ཁང་གིས་འདས་གྲོངས་སུ་སོང་བ་མང་ཆེ་བ་གྱང་དང་ཤིང་སྡོང་འགྱེལ་བ་སོགས་ཀྱིས་རྐྱེན་འདས་སུ་བཏང་ཡོད་པ་དང་། ད་ལྟའི་ཆར་རྨས་སྐྱོན་ཕོག་པའི་མི་གྲངས་ ༣༠༠ ལྷག་ཡོད་པ་དང་། དེ་རིང་ནས་མངའ་སྡེ་གཞུང་གིས་གནམ་ཐང་དང་ཁ་པར་དྲ་ལམ། གློག་ཆད་པ་དང་ལམ་ཁ་འགག་པ་སོགས་བསྐྱར་གསོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་དང་། མངའ་སྡེའི་བློན་ཆེན་མཆོག་གིས་ཁང་པ་སོགས་རྩ་གཏོར་བཏང་བའི་ཁྱིམ་ཚང་ཡོངས་ལ་མངའ་སྡེ་གཞུང་ནས་ཞིག་གསོའི་ཆེད་ཧིན་སྒོར་ ༩༥༡༠༠ སྤྲོད་རྒྱུ་ཡིན་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་འདུག

དེ་རིང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ཨོ་རི་སའི་རྒྱལ་ས་བྷོ་བྷ་ནེ་སི་ཝེར(Bhubaneswar)དུ་ཕེབས་ཏེ་གནོད་ཐེབས་ས་ཁུལ་ཁག་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། མངའ་སྡེ་གཞུང་གི་མཐོ་རིམ་དཔོན་རིགས་རྣམས་དང་ལྷན་དུ་བསྐྱར་གསོའི་ལས་གཞིའི་ཐད་གྲོས་བསྡུར་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༠༦

Leave a Reply

One thought on “ཨོ་རི་སའི་ཆར་རླུང་གོད་ཆག་ལ་ཧིན་སྒོར་འབུམ ༡༠ གནང་།

  1. ང་ཚོ་བོད་པ་བཙན་འབྱོལ་ Bharat Ratna རྒྱ་གར་གྱི་རིན་པོ་ཆེ་དངོས་ནས་རེད་ད། བོད་པའི་རྒྱ་གར་ལ་གཞལ་འདེབས་བརྒྱབ་བཞགས་པ་རྣམས་ བོད་པའི་གསར་འགྱུར་ལ་མ་གཏོགས་ རྒྱ་གར་དང་རྒྱལ་སྤྱིད་གསར་འགྱུར་ཁག་ལ་མཐོང་རྒྱུ་ནི་མིན་འདུག ☠️ ཞེད་སྣང་ལ། 🙀