རང་དབང་དམངས་གཙོར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཚེ་བོད་དོན་ལ་ངེས་པར་དུ་རྒྱབ་སྐྱོར་གནང་དགོས།

སྲིད་སྐྱོང་མཆོག་ལའེ་ཐོ་ནཱེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་ཆེད་བཅར་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང་ལྷག་པར་ལའེ་ཐོ་ནཱེ་ཡིས་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་དགོས་པའི་འབོད་སྐུལ་གནང་འདུག

ཁ་སང་ཕྱི་ཚེས་ ༦ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྷལ་ཊིག་མངའ་ཁུལ་(Baltic region)གྱི་ལའེ་ཐོ་ནཱེའི(Lithuania)རྒྱལ་ས་ཝཱལ་ནཱོ་སི་(Vilnius )ནང་ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྟེང་ཆེད་ཕེབས་ཀྱིས། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་མཉམ་ཞུགས་དང་གསུང་བཤད་བཅས་གནང་ཡོད་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་སྔ་བྷལ་ཊིག་མངའ་ཁུལ་གྱི་ཨེ་སི་ཊོ་ནཱེ་ཡཱ(Estonia)དང་། ལཱ་ཊི་ཝ(Latvia)དང་། ལའེ་ཐོ་ནཱེ་བཅས་རྒྱལ་ཁབ་གསུམ་གྱིས་ཨུ་རུ་སུ་དམར་པོའི་དབང་སྒྱུར་འོག་དཀའ་སྡུག་ཇི་འདྲ་ཞིག་མྱངས་པ་དང་།  དེང་སྐབས་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་དཀའ་སྡུག་དེ་མཚུངས་མྱོང་བཞིན་ཡོད་པ་གསལ་བཤད་དང་།  རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང་ལྷག་པར་ལའེ་ཐོ་ནཱེ་ཡིས་བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་དགོས་པའི་འབོད་སྐུལ་དང་། གལ་ཏེ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མང་གཙོ་བཅས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཚེ་བོད་དོན་ཐོག་ངེས་པར་དུ་རྒྱབ་སྐྱོར་གནང་དགོས་སྐོར་སོགས་གསུངས་འདུག

ཐེངས་འདིར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་ཕྱི་ལོ་ ༡༩༩༡ ལོར་ལའེ་ཐོ་ནཱེ་ཨུ་རུ་སུའི་དམར་ཤོག་དབང་སྒྱུར་འོག་ནས་རང་བཙན་ཐོབ་རྗེས་ཡུལ་དེའི་སྲིད་འཛིན་ཆེས་ཐོག་མ་སྐུ་ཞབས་(Prof Vytautas Landsbergis)མཆོག་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དྲ་རྒྱལ་སྤེལ་བའི་གནས་ཚུལ་ལྟར་ན་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གསུང་བཤད་། ཡུལ་དེའི་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་སྐར་མ་ ༤ ཙམ་རིང་རྒྱང་བསྲིང་གནང་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་སྐོར་བརྗོད་འདུག

གཞན་སྲིད་སྐྱོང་མཆོག་ལ་ཡུལ་དེའི་ཛེ་ནཱེ་ཡོ་ར་དྷེ་ཇེ་སི་(Žinių radijas)རླུང་འཕྲིན་ལས་ཁང་གིས་བཅར་འདྲིའི་སྐབས་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་སྲིད་བྱུས་རྒྱུད་གཅིག་ལམ་གཅིག་ཟེར་བ་དང་འབྲེལ་ནས། དེ་སྔ་རྒྱ་ནག་གིས་བོད་ནང་ཐོག་མར་ལམ་གཅིག་བརྒྱབ་པ་དང་།  དེ་རྗེས་ལམ་དེའི་ཐོག་དམག་མི་དང་དམག་དོན་འཕྲུལ་ཆས་འོར་འདྲེན་བྱས་མཐར་བོད་མིའི་རང་དབང་ཤོར་བ་དང་།  རྒྱ་ནག་གཞུང་གི་དབང་སྒྱུར་ལ་ཞི་རྒོལ་བྱེད་མཁན་བོད་མི་རྣམས་ལ་དྲག་གནོན་བྱས་ཚུལ་སོགས་གསུངས་འདུག
ཕྱི་དྲོ་ཙམ་ལ་སྲིད་སྐྱོང་མཆོག་ཝིལ་ན་སི་སྲིད་བྱུས་ཉམས་ཞིབ་ཁང་གི་གདན་ཞུས་ལྟར། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་གཞི་རྩར་བཟུང་ནས་ཡུ་རོབ་ཐོག་རྒྱ་ནག་གི་ཆབ་སྲིད་ལངས་ཕྱོགས་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། གཞན་ཡུལ་དེའི་ཁྲིམས་ཞིབ་ལྷན་ཁང་གི་འགན་འཛིན་(Prof. Dr. Dainius Zalimas)མཆོག་གིས་མགྲོན་འབོད་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་། རྒྱལ་སྤྱིའི་ཁྲིམས་ཞིབ་ལྷན་ཚོགས་སོགས་ཀྱི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་མགྲོན་འབོད་གནང་དགོས་པའི་འབོད་སྐུལ་སོགས་གནང་ཡོད་འདུག

སྲིད་སྐྱོང་མཆོག་ཟླ་འདིའི་ཕྱི་ཚེས་ ༣ ཉིན་ནས་བཟུང་རྒྱ་གར་རྒྱལ་ས་ལྡི་ལིར་དང་ལའེ་ཐོ་ནཱེ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐོག་ཆེད་བཅར་གནང་རྒྱུ་དང་། ཡུལ་དེའི་གནད་ཡོད་མི་སྣ་དང་མཇལ་འཕྲད་སོགས་ཀྱི་ཆེད་ཉིན་གྲངས་ ༡༠ ཙམ་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

བསྐྱར་བཅོས།: ༢༠༡༩/༠༥/༠༨

Leave a Reply