དབྱར་སྐྱིད་གླུ་གར་འགྲན་བསྡུར་གྱི་ཨང་དང་པོ་རྔོན་པ་རུ་ཁག་ལ་ཐོབ་སོང་། 

དབྱར་སྐྱིད་དུས་སྟོན་མཛད་སྒོའི་ཐོག་སྲིད་ཚབ་མཆོག་ནས་འདས་པའི་ནང་ཟློས་གར་ཚོགས་པའི་གླུ་གཞས་འགྲན་བསྡུར་ལ་ཐེངས་མང་ལ་མཉམ་ཞུགས་བྱས་པ་ལས་ཐེངས་འདིར་ཡག་ཤོས་བྱུང་ཡོད་སྐོར་གསུང་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ ཐོག དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པས་ཕྱི་ལོ་ ༢༠༡༩ ལོའི་དབྱར་སྐྱིད་གླུ་གར་འགྲན་བསྡུར་གྱི་དུས་སྟོན་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གཙོའི་བཀའ་བློན་རྣམ་དང་། བོད་མི་མང་སྤྱི་འཐུས་རྣམས་དང་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། གཞན་ཡང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ། དྷ་ས་ཁུལ་གྱི་སེར་སྐྱ་ལྟད་མོ་བ་བཅས་མི་གྲངས་ ༥༠༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ངག་དབང་ཡོན་ཏན་ལགས་ནས་དུས་ཆེན་ངོ་སྤྲོད་གསུང་བཤད་གནང་དོན། སྤྱིར་ན་ད་ལོའི་དབྱར་སྐྱིད་དེ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙས་ནས་ལོ་འཁོར་ ༦༠ ལོན་པའི་དུས་དྲན་དང་སྟབས་བསྟུན་ནས་ཚོགས་དགོས་བསམ་ཡོད་ན་ཡང་། ཕྱི་ཟླ་ ༦ ནང་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་འགྲན་བསྡུར་ཚོགས་ཀྱི་ཡོད་པས་དབྱར་སྐྱིད་དེ་ཟླ་གཅིག་ལྷག་རིང་སྔ་སྣུར་བྱ་དགོས་བྱུང་སོང་བ་དང་། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་དུས་ཚོད་དེ་ཕྱི་ལོ་༡༩༥༩ ཟླ་ ༨ ཚེས་ ༡༡ ཆགས་ཡོད་པ་དང་། ཟློས་གར་ཚོགས་པ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་ཐོག་མར་བཙུགས་པའི་ཚོགས་པ་དང་པོ་ཡིན་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེའི་ཐུགས་རེ་དང་ཐུགས་རྗེ་དཀའ་དྲིན་ལ་བརྟེན་ནས་ཟློས་གར་ཚོགས་པ་ད་བར་འདས་པའི་མི་ལོ་ ༦༠ རིང་ཡག་པོ་བྱུང་ཡོད་པ་དང་། མ་འོངས་པར་སྔར་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་ཉར་དང་བོད་གཞིས་བྱེས་གཉིས་མཉམ་འཛོམས་སྐབས་བོད་ནང་ཉམས་ཆགས་སུ་སོང་བའི་གླུ་གཞས་རིག་རྩལ་ཁག་ཉམས་གསོ་ཐུབ་པའི་སྤོབས་པ་ཡོད། ཅེས་གསུངས་སོང་།གཞན་ཡང་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དེ་སྔར་ལོའི་ཕྱི་ཟླ་ ༡༠ ནས་གསར་རྒྱག་ལས་གཞི་མགོ་ཚུགས་ཏེ་ད་ལོའི་ཕྱི་ཟླ་ ༨ ཚེས་ ༣༠ དང་ཕྱི་ཟླ་ ༩ ཚེས་ ༡༥ གང་རུང་ལ་ཚར་ཐུབ་ཀྱི་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ ༣༡ བར་ཉིན་གྲངས་ ༤ རིང་ཟློས་གར་ཚོགས་པ་དབུ་བརྙེས་པའི་དུས་སྟོན་རྒྱས་པ་ཞིག་ཚོགས་འཆར་ཡོད་པ་མཉམ་དུ་ཚོགས་ཁང་དབུ་འབྱེད་བྱ་རྒྱུ་ཡིན་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དབུ་འབྱེད་མཛད་སྒོའི་སྟེང་ཕེབས་རྒྱུ་ཞལ་བཞེས་གནང་ཡོད་པ་དང་། ཚོགས་ཁང་གསར་བ་དེ་གྲུབ་པ་ཡིན་ན་མ་འོངས་པར་ཟློས་གར་ཚོགས་པའི་ལས་རིམ་ག་འདྲ་ཞིག་ཡིན་ན་ཧ་ཅང་ཡག་པོ་ཡོང་ཐུབ་པ་ཞིག་ཆགས་ཡོད་པ་དང་། དེ་བཞིན་དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་མ་ཡིན་་པའི་ཚོགས་པ་དང་མི་སྒེར་སོགས་ཀྱིས་རྟེན་འབྲེལ་མཛད་སྒོ་དང་དུས་སྟོན་སོགས་ག་འདྲ་ཞིག་ཚོགས་དགོས་ན་མི་གྲངས་ ༡༠༠ ལྷག་འཛོམས་ཐུབ་སའི་ཚོགས་ཁང་ཆུང་བ་བཟོས་ཡོད་པ་དང་། དེ་དག་ལ་མ་འོངས་པར་གོང་ཚད་ཆེན་པོ་མ་ཡིན་པའི་ཐོག་ནས་གཡར་རེ་གནང་གི་ཡིན། ཞེས་བརྗོད་སོང་།དེའི་རྗེས་ཐེངས་འདིའི་གླུ་གར་འགྲན་སྡུར་གྱི་དཔྱད་འདེམས་པ་ངོ་སྤྲོད་གནང་སོང་བར། དཔྱད་འདེམས་པ་དང་པོ་དྭགས་པོ་སྐལ་བཟང་གཡ་སྒྲོན་ལགས་དང་དྷ་སྟེང་བོད་ཁྱིམ་ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་ཆོས་ལགས། བཀྲས་མཐོང་སྐལ་བཟང་ཆོས་སྐྱིད་ལགས་བཅས་ཡིན་པ་དང་། གཟུ་དཔང་བ་རྣམས་པས་ཟློས་གར་ཚོགས་པའི་རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་གཉིས་ཀྱི་གླུ་དང་གར་གྱི་འཁྲབ་སྟོན་རིམ་པར་དཔྱད་འདེམས་གནང་བ་བརྒྱུད། མཐའ་མའི་ཕྱོགས་བསྡོམས་གྲངས་འབོར་ནང་རྒྱ་ལུ་རུ་ཁག་ལ་སྐར་གྲངས་ ༢༤༥།༥ དང་རྔོན་པ་ ༢༤༩ རུ་ཁག་ལ་སྐར་གྲངས་ ༢༤༩ བཅས་ཨང་དང་པོ་རྔོན་པ་རུ་ཁག་ལ་ཐོབ་སོང་།མཇུག་ཏུ་སྲིད་ཚབ་མཆོག་ནས་ཐེངས་འདིའི་གླུ་གར་འགྲན་བསྡུར་ཁྲོད་ཨང་རིམ་སོན་པ་རྣམས་ལ་ལེགས་གསོལ་བྱ་དགའ་དང་གསུང་བཤད་གནང་དོན། འདས་པའི་ལོ་ངོ་ ༦༠ རིང་ཟློས་གར་ཚོགས་པར་འགན་འཛིན་དང་དགེ་རྒན་སོགས་ཧ་ཅང་མང་པོ་ཞིག་ཕེབས་ཏེ་འབད་བརྩོན་རིམ་པ་བརྒྱུད་ནས་ད་ལྟའི་གནས་ཚད་འདིར་སླེབ་ཡོད་པ་དང་། ཐེངས་འདིའི་གླུ་གཞས་སོགས་ཧ་ཅང་ཡག་པོ་བྱུང་སོང་བ་དང་། འདས་པའི་ནང་ཟློས་གར་ཚོགས་པའི་གླུ་གཞས་འགྲན་བསྡུར་ལ་ཐེངས་མང་ལ་མཉམ་ཞུགས་བྱས་པ་ལས་ཐེངས་འདིར་ཡག་ཤོས་བྱུང་ཡོད་པ་དང་། ཟློས་གར་དེ་བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ལས་རིག་གནས་ཆུང་བའི་ཁོངས་གཏོགས་ཡིན་ཀྱང་། ཟློས་གར་རིག་པ་དེ་རིག་གནས་ཆེ་བ་བཅུའི་ནང་དུ་ནང་དོན་རིག་པ་དང་བཟོ་རིག་པ། སྒྲ་རིག་པ་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་དང་། རིག་གནས་ཆུང་བ་ལྔའི་ནང་ནས་སྙན་ངག་རིག་པ་དང་མངོན་བརྗོད་རིག་པ། སྡེབ་སྦྱོར་རིག་པ་སོགས་དང་འབྲེལ་བ་ཡོད་པའི་རིག་གནས་རྩ་ཆེན་པོ་ཞིག་ཆགས་ཡོད་སྟབས། དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གསར་འགོད་པ་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༠༨

Leave a Reply