ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཨོ་གླིང་ནང་མཛད་འཕྲིན་སྐྱོང་བཞིན་འདུག

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་༧སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དུས་ཡུན་ཟླ་གཅིག་དང་ཉིན་གྲངས་ ༢༠ ལྷག་རིང་ནེའུ་ཛི་ལན་ཌི་དང་དེ་ནས་ཨོ་སི་ཊོ་ལི་ཡ་འི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་འདུགཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁན་བྷི་རའི་ས་སྐྱ་བློ་གསལ་ཆོས་རྫོང་དང་འབྲེལ་བའི་ཆོས་ཚོགས་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ནས་ཟླ་འདིའི་ཕྱི་ཚེས་ ༡༢ བར། དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་༧སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ་མཆོག་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌིའི་ནང་ཆིབས་བསྒྱུར་བསྐྱངས་ཏེ། ཁུལ་དེར་ཡོད་པའི་རིས་མེད་ཆོས་ཚོགས་ ༡༥ ལྷག་གི་གྲྭ་བཙུན་དང་མི་མང་། བོད་རིགས་ཚོགས་པ། དེ་བཞིན། སློབ་ཕྲུག་བཅས་ལ་གསུང་ཆོས་དང་། བླང་དོར་གྱི་བཀའ་སློབ་སོགས་སྩལ་གནང་གི་ཡོད་པ་རེད།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཐེངས་འདིའི་ཆིབས་སྒྱུར་གོ་སྒྲིག་འགན་འཛིན་དང་ཆོས་ཚོགས་ཀྱི་ངེས་སྟོན་པ་ཚར་པ་ལོ་ཆེན་བླ་མ་ཆོས་གྲགས་ལགས་སུ། ད་ལྟ་རིན་པོ་ཆེ་མཆོག་ནས་མཛད་འཕྲིན་ག་རེ་སྐྱོང་གི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། སྤྱིར་བཏང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ཁག་མང་ཆེ་བ་གྲུབ་ཟིན་ཏེ།  ད་ལྟ་ཞག་བཞུགས་ཉིན་གཉིས་མ་གཏོགས་ལྷག་མེད་ལ།  ཕྱི་ཚེས་ ༡༢ ཉིན་རིན་པོ་ཆེ་མཆོག་ནས་སེཌ་ནེ་བོད་རིགས་མཐུན་ཚོགས་ཀྱི་མང་ཚོགས་ལ་ཚེ་དབང་དང་བླང་དོར་བཀའ་སློབ་བསྩལ་རྗེས་ཕྱིར་རྒྱ་གར་དུ་ཕེབས་རྒྱུ་རེད།  ཅེས་གསུངས་བྱུང་།འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༣ ནས་ ༣༠ བར་བདུན་གཅིག་རིང་ནེའུ་ཛི་ལན་ཌིའི་གྲོང་ཁྱེར་ ༡༠ ནང་དཔལ་བཀའ་བརྒྱུད་པའི་ཆོས་ཚོགས་དང་ས་སྐྱའི་ཕུན་ཚོགས་ཆོས་གླིང་ཆོས་ཚོགས་སོགས་རིས་མེད་ཆོས་ཚོགས་ ༡༥ ཙམ་ལ་ཚེ་དབང་དང་། འཇམ་པའི་དབྱངས་ཀྱི་རྗེས་དབང་སོགས་ཀྱི་བཀའ་ཆོས་གནང་ཡོད་པ་རེད། དེ་ནས་ཕྱི་ཟླ་ ༤ ཚེས་ ༩ ནས་ ༡༦ བར་ཚར་ཆེན་ཆོས་གླིང་དུ། ༧སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་སེར་སྐྱ་མི་མང་ལ་ལམ་འབྲས་ཇོ་ལྕགས་མ་དང་དཔལ་ཀྱེ་རྡོ་རྗེའི་རྒྱུ་དབང་། དེ་བཞིན། ལམ་དབང་བཅས་ཀྱི་གསུང་ཆོས་གནང་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༡༧ ནས་ ༢༢ བར་ཉིན་ ༦ རིང་ཁན་བྷི་ར་ས་སྐྱ་བློ་གསལ་ཆོས་རྫོང་དུ་དཔལ་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་དབང་ཆེན་སྔོན་དུ་ཕྱིན་པའི་སྒོ་ནས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་འཁྲིད་རྒྱས་པ་གནང་། དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༢ ནས་ ༡༡ བར་སིཌ་ནེ་ས་སྐྱ་ཐར་པ་གླིང་དུ། ཕུར་པ་རྡོ་རྗེ་གཞོན་ནུའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་ཆེན་དང་བཀའ་ཆོས་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་འདུགཚར་པ་ལོ་ཆེན་བླ་མ་ཆོས་གྲགས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་རེས་ནི་དཔལ་ས་སྐྱ་ཁྲི་འཛིན་ཞེ་གཉིས་པ་༧སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ་མཆོག་ཁྲི་སྟོན་མངའ་གསོལ་ཞུས་རྗེས་ཨོ་གླིང་དུ་ཕེབས་པ་ཐོག་མ་དང་། སྤྱིར་བཏང་ད་སྔ་བར་རིན་པོ་ཆེ་ཨོ་གླིང་དུ་ཁྱོན་ཐེངས་ ༥ རིང་ཕེབས་མྱོང་བ་དང་། དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཨོ་གླིང་དང་ནེའུ་ཛི་ལན་ཌིའི་ནང་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་ཚོགས་ཁྱོན་ ༢༠ གསར་འཛུགས་མཛད་ཡོད་པ་དང་།  གཞན་ཡང་སྐྱབས་རྗེ་བདེ་བར་གཤེགས་པ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་ཐེངས་གསུམ་རིང་ཕེབས་ཡོད་པ་སོགས་དཔལ་ས་སྐྱའི་ཁྲི་ཆེན་དམ་པ་རྣམ་གྱིས་ཨོ་གླིང་གི་དད་ལྡན་མང་ཚོགས་དང་། ནང་པའི་རྗེས་འབྲང་པ་རྣམས་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་ཡོད་འདུག་ལ། ཕྱི་ལོ་ ༢༠༡༨ ལོར་ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱལ་ས་ཁན་བྷི་རའི་ནང་ས་སྐྱ་ཆོས་ཚོགས་ལ་ཞི་བདེའི་བསྟི་གནས་ཁང་ཞེས་དགོན་པ་གསར་རྒྱག་བྱེད་པའི་ཆོག་མཆན་གནང་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༡༠

Leave a Reply

One thought on “ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཨོ་གླིང་ནང་མཛད་འཕྲིན་སྐྱོང་བཞིན་འདུག