ཉན་ཞིབ་ཚོགས་འདུའི་ཐོག་རྒྱ་ནག་གཞུང་ལ་༧སྐུའི་ཡང་སྲིད་ཐག་གཅོད་བྱེད་པའི་དབང་ཆ་མེད་སྐོར་གསུངས།

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་དང་འཇར་མན་གྱི་གྲོས་ཚོགས་འོག་མའི་ཉན་ཞིབ་ཚོགས་འདུའི་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་དང་རྒྱ་ནག་ནང་གི་གྲངས་ཉུང་ཆོས་དད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་།ཟླ་འདིའི་ཕྱི་ཚེས་ ༨ ནས་ཉིན་ ༢ རིང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག རྒྱ་ནག་གཞུང་གི་ཨེ་ཤ་ཡ་དང་ཡུ་རོབ། ཨ་རི་བཅས་ཀྱི་ནང་གི་ཤུགས་རྐྱེན་ཐད་ཉན་ཞིབ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཐེངས་འདིའི་ཉིན་ ༢ རིང་གི་ཉན་ཞིབ་ཚོགས་འདུའི་ཐོག་རྒྱ་ནག་གི་ཨེ་ཤ་ཡ་དང་ཨ་རིའི་ནང་གི་ཤུགས་རྐྱེན་དང་། རྒྱ་སྐྱེད་བཞིན་པའི་རྒྱ་ནག་གི་ཡུ་རོབ་དང་ཡུ་རཱ་ཤི་ཡའི་ (Eurasia) ནང་གི་ཤུགས་རྐྱེན། དེ་བཞིན་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་དཀྱིར་ཤར་ཨེ་ཤ་ཡའི་ནང་གི་ཤུགས་རྐྱེན། གཞན་ཡང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་སྐོར་དང་། ཨ་རིའི་ཕྱོགས་ནས་རྒྱ་ནག་གི་ཤུགས་རྐྱེན་ཁག་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་སྐོར་དང་། ལོ་ངོ་ ༤༠ རིང་གི་རྒྱ་ནག་ཕྱོགས་ལ་བཟུང་བའི་ཨ་རིའི་སྲིད་བྱུས་འོས་མཚམས་བཟོ་ཕྱོགས། དེ་བཞིན། ཨ་རྒྱའི་ཚོང་དམག་གནད་དོན་དང་། རྒྱ་ནག་གིས་རང་ཉིད་ཀྱི་དཔལ་འབྱོར་སྟོབས་ཤུགས་ལ་བརྟེན་ནས་ཐའེ་ཝན་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་སྐོར་དང་། ཕྱི་ལོ་ ༢༠༢༥ བར་རྒྱ་ནག་གིས་བཟོས་པའི་ཅ་དངོས་ (Made In China 2025) ལས་གཞི་ཟེར་བ་དང་།  འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཡུལ་མིའི་ས་བཙན་འཕྲོག་བྱེད་བཞིན་པ་སོགས་ཀྱི་སྐོར་ཉན་ཞིབ་གླེང་སློང་གནང་ཡོད་འདུག

ཉན་ཞིབ་ཀྱི་ཉིན་དང་པོའི་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཨན་ཌི་ལི་ཝིན་ (Andy Levin) ལགས་ཀྱིས། རྒྱ་ནག་གཞུང་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐག་གཅོད་ཐད་ཐོབ་ཐང་ཡོད་སྐོར་སོགས་བརྗོད་ཀྱི་ཡོད་པའི་ཐད་དགོངས་ཚུལ་ཅི་ཡོད་དྲིས་པར། ཨེ་ཤ་ཡའི་ཕྱི་སྲིད་ཆེད་མཁས་པ་ (Elizabeth C. Economy) ལགས་ཀྱིས། བོད་ནི་དྲག་གནོན་འོག་གནས་ཡོད་པ་མ་ཟད། བོད་རིགས་དང་བོད་མིའི་རིག་གཞུང་རྩ་གཏོར་གཏོང་གི་ཡོད་པ་རེད། ང་ཚོས་ཤར་ཏུར་ཀི་སི་ཐན་ནང་གནས་ཚུལ་ག་རེ་བྱུང་གི་ཡོད་པ་ཤེས་ཀྱི་ཡོད་པས། བོད་མིར་དྲག་གནོན་དང་ཉུལ་ཞིབ་བྱེད་པའི་གནས་སྟངས་ཀྱང་དེ་དང་གཅིག་མཚུགས་སུ་གྱུར་ཡོད་པ་རེད། ང་ཚོས་ཇི་ལྟར་རོགས་རམ་བྱེད་དགོས་པ་ནི་གནས་ཚུལ་ཁག་པོ་ཞིག་རེད་དེ། དེ་སྔོན་ངའི་བསམ་པར་དཔེར་ན་ཡེ་ཤུའི་ཆོས་དཔོན་མཆོག་ནས་ཆོས་ལུགས་གནད་དོན་ཐད་རྒྱ་ནག་གཞུང་དང་གྲོས་མོལ་གནང་བཞིན་ཡོད་པས། ཡེ་ཤུ་ཆོས་དཔོན་མཆོག་སོགས་འཛམ་གླིང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ཚོ་མཉམ་འབྲེལ་ཐོག   རྒྱ་ནག་གི་ཆོས་ལུགས་དང་གོམས་སྲོལ་སོགས་ལ་དྲག་གནོན་བྱེད་བཞིན་པའི་ཐད་རྒྱ་ནག་དང་མཉམ་དུ་གོ་བསྡུར་བྱེད་དགོས་ཀྱི་འདུག་སེམས་ལ་འཁོར་མྱོང་ཡོད། ཅེས་གསུངས་འདུག

ཡང་ད་ལྟའི་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་ (Chen Quanguo) ཡིས་དེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ལོ་ ༡༠ ལ་བྱས་ཡོད་པ་དང་། སྐབས་དེར་ཁོས་སྟབས་བདེའི་དམག་སྒར་ ༧༠༠ གསར་འཛུགས་དང་། བོད་མིར་ཉུལ་ཞིབ་བྱས་ཡོད་པས་ད་ལྟ་ཁོས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་ཞིབ་ཚགས་པོའི་ངང་སྲིད་བྱུས་དེ་དག་ལག་བསྟར་བྱེད་བཞིན་ཡོད་པ་རེད། སྔར་ལྷག་ཤུགས་སྣོན་བྱས་པའི་སྲིད་བྱུས་དེ་སླར་ཡང་བོད་དང་རྒྱ་ནག་གི་ཞིང་ཆེན་གཞན་དུ་ལག་བསྟར་བྱེད་སྲིད་མིན་དྲིས་པར་། དྲ་གནས་དང་འཕྲུལ་རིག་ཉམས་ཞིབ་པ་སཱ་ཁི་སི་ (SACKS) ལགས་ཀྱིས། རྒྱ་ནག་གཞུང་གིས་ཤིན་ཅང་ནང་འཕྲུལ་རིག་བརྒྱུད་རྗེས་འདེད་གཏོང་བཞིན་པ་དེ་ནི་མི་མང་ལ་ཉུལ་ཞིབ་དང་དོ་དམ་འཛིན་བཟུང་བྱེད་པའི་ཆ་ཤས་ཤིག་ཡིན་པ་དང་།  གནས་སྟངས་དེ་ནི་བློ་འཚབ་སྐྱེས་དགོས་པ་ཞིག་རེད། སྲིད་བྱུས་དེ་ཤིན་ཅང་ནང་ལག་བསྟར་བྱེད་བཞིན་པ་དང་ས་གནས་གཞན་ཏུ་ལག་བསྟར་འབྱུང་མིན་ནི་དྲི་བ་ཆེན་པོ་ཞིག་རེད། རྒྱ་ནག་ནང་གི་ཨ་རིའི་ཚོང་གཉེར་བ་དང་མ་འཛུགས་བ་ཚོས་ཡུལ་དེར་དོན་དངོས་ཅི་ཞིག་བྱུང་གི་ཡོད་པའི་ཐད་ལ་ལངས་ཕྱོགས་འཛིན་རྒྱུ་གལ་ཆེན་རེད། འོན་ཀྱང་ཚོང་པ་དང་མ་འཛུགས་མཁན་ཚོས་རང་གི་ཚོང་དང་མ་རྐང་གིས་ཡུལ་དངོས་ལ་ཤུགས་རྐྱེན་ཅི་བྱུང་ཐག་ཆོད་པོས་ངང་ཚོད་དཔག་ཐུབ་ཐབས་མེད་པས། གནད་དོན་འདི་རྒྱལ་སྤྱི་རང་བཞིན་ཅན་གྱི་ཚོགས་སྡེ་ཁག་དང་ཚོགས་སྡེ་གཞན་བརྒྱུད་རྒྱ་ནག་གཞུང་དང་མཉམ་དུ་གླེང་སློང་མགོ་རྩོམ་དགོས་ངེས་ཅན་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་འདུགགཞན་ཡང་། ཕྱི་ཚེས་ ༨ ཉིན་འཇར་མན་གྱི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་གི་གྲངས་ཉུང་ཆོས་དད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ (The human rights situation of religious minorities in China) ཐད་ཉན་ཞིབ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། འཇར་མན་གཞུང་གིས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཐད་ལངས་ཕྱོགས་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། ༧སྐུའི་ཡང་སྲིད་ཀྱི་ཐད་གཅོད་ནི་བོད་བརྒྱུད་ནང་བསྟན་གྱི་སྒྲིག་འཛུགས་ཤིག་ཁོ་ནས་རང་དབང་དང་རང་ཐག་རང་གཅོད་ཀྱི་ལམ་ནས་བྱེད་པ་ལས། རྒྱ་ནག་གཞུང་ངམ་རྒྱ་ནག་དམར་ཤོག་ཚོགས་པས་ཐེ་བྱུས་འོག་ཐག་གཅོད་བྱ་ཐབས་མེད་པ་རེད། ཅེས་རྒྱ་ནག་གཞུང་ལ་༧སྐུའི་ཡང་སྲིད་ཐག་གཅོད་བྱེད་པའི་དབང་ཆ་མེད་སྐོར་གསུངས་ཡོད་འདུག

ཡང་ཁོང་གིས་ད་ལྟའི་བོད་མི་དང་ཡུ་གུར་བ། སོག་པོའི་མི་རིགས་སོགས་ཀྱི་གནས་སྟངས་ཀྱིས་རྒྱ་ནག་གཞུང་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་བཀུར་མེད་པ་དང་། རྒྱལ་སྤྱིའི་དཀའ་རྙོག་སེལ་བའི་གྲོས་ཆོད་ཀྱི་དམ་བཅའ་ཁག་ལ་ཤར་སྐྱོད་བྱ་འདོད་མེད་པ་མཚོན་གྱི་ཡོད་པ་མ་ཟད། ཇར་མན་གྱི་ཁྲིམས་བཟོ་བས་བོད་མི་དང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གི་གནད་དོན་སོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གཙོ་བོར་འཛིན་དགོས་པ་ཤེས་དགོས་སྐོར་སོགས་རེ་སྐུལ་གནང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༡༠

Leave a Reply

3 thoughts on “ཉན་ཞིབ་ཚོགས་འདུའི་ཐོག་རྒྱ་ནག་གཞུང་ལ་༧སྐུའི་ཡང་སྲིད་ཐག་གཅོད་བྱེད་པའི་དབང་ཆ་མེད་སྐོར་གསུངས།

  1. སྐྱེས་བ་སྔ་ཕྱི་མེད་པ་འདོད་པའི་གང་ཟག་གམ་གཞུང་ཞིག་ལ་ཡང་སྲིད་བཤད་རྒྱུའི་ཐོབ་ཐང་གང་ན་ཡོད།

  2. གཞུང་པ་ཚེ་དབང་བསོད་ནམའ་

    བོད་ཆོས་ལྡན་རྒྱལ་ཁབ་ཀྱི་ནང་ཆོས་སྲོལ་རྒྱུན་རིག་པའི་ལམ་
    ལུགས་འོག་ནས་བོད་ཀྱི་བླ་སྤྲུལ་སྐྱེས་ཆེན་དམ་པ་ཚོའི་སྐྱེས་སྤྲུལ་
    ཡངས་སྲིད་ངོས་འཛིན་གནང་དགོས་པ་ལས་ཆོས་མེད་ཀླ་ཀློའི་
    ནང་ཆོས་རིག་པའི་སྲོལ་རྒྱུན་ལམ་ལུགས་ལ་ཇུས་མེད་འགན་འཁུར་
    བྱེད་པ་ནི་གཞི་རྩ་དང་ཁྲིམས་མཐུན་བཟང་སྤྱོད་སོགས་གང་ལའང་
    འགན་མ་འཁུར་བའི་ཆབ་སྲིད་ཀྱི་མཁེ་ཕན་སྒྲུབ་རྒྱུའི་ཐབས་ལམ་ཙམ་
    ལས་མ་འདས།

  3. གཞུང་པ་ཚེ་དབང་བསོད་ནམའ་

    ཧཧཧ་ནང་ཆོས་དུག་ལ་ངོས་འཛིན་བྱེད་མཁན་གྱི་ཆོས་མེད་
    གུང་ཁྲན་དམར་པོའི་་་རྒྱལ་ཁབ་རྒྱ་ནག་ནས་གོང་ས་མཆོག་
    གི་དབུས་པའི་བོད་ཆོས་ལྡན་རྒྱལ་ཁབ་ཀྱི་སྐྱེས་ཆེན་དམ་པ་
    བླ་སྤྲུལ་ཁག་གི་སྐུ་སྐྱེས་ཡང་སྲིད་ལ་ངོས་འཛིན་ག་འདྲ་བྱས་
    ནས་ཇུས་གཏོགས་བྱེད་ག་ཧཧཧ