༧གོང་ས་མཆོག་གི་སྐོར་ལ་གསར་འགྱུར་སྤེལ་བར་འདྲི་ཞིབ་བྱས།

བལ་ཡུལ་རྒྱལ་ཡོངས་རང་བཞིན་གྱི་གསར་འགྱུར་ཁང་རྙིང་ཤོས་ཤིག་གི་གསར་འགོད་པ་གསུམ་གྱིས་༧གོང་ས་མཆོག་གི་སྐུའི་སྙུང་གཞི་སངས་དྲག་བྱུང་སྟེ་བཞུགས་སྒར་དུ་ཆིབས་ཞབས་བསྐྱངས་བའི་སྐོར་གྱི་གནས་ཚུལ་སྤེལ་བར་བརྟེན་འདྲི་ཞིབ་བྱས་ཡོད་འདུགཁ་སང་བལ་ཡུལ་གྱི་ཀ་ཐ་མན་ཌུ་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་བལ་ཡུལ་རྒྱལ་ཡོངས་རང་བཞིན་གྱི་གསར་འགྱུར་ཁང་(Rastriya Samachar Samiti)ཞེས་པའི་གསར་འགོད་པ་གསུམ་གྱིས། ཉིན་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་སྙུང་གཞི་དྲག་སྐྱེད་བྱུང་སྟེ་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་བཀོད་གནང་ཡོད་པའི་གསར་འགྱུར་བལ་པོའི་སྐད་ཡིག་ནང་བསྒྱུར་ཏེ་སྤེལ་ཡོད་པར་བརྟེན། བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་གྱིས་བཀའ་རྒྱ་བཏང་བ་ལྟར། ཉིན་དེའི་ཕྱི་དྲོར་གསར་འགྱུར་དེ་དྲ་ཐོག་ནས་བསུབས་ཡོད་པ་མ་ཟད། གསར་ཁང་གི་མགོ་འཁྲིད་བཞི་ཡིས་གསར་འགོད་པ་གསུམ་དེར་ཆབ་སྲིད་ཀྱི་ཀུན་སློང་ཡོད་ལུགས་བརྗོད་དེ་འདྲི་ཞིབ་བྱས་ཡོད་འདུག

བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་གྷོ་ཁོལ་བྷ་སི་གོ་ཊ་(Gokul Baskota)ཡིས།  བོད་ཀྱི་གནད་དོན་ནི་རྒྱ་ནག་ལ་ཆེས་ཚོར་བ་སྐྱེན་པའི་གནད་དོན་ཞིག་ཡིན་པ་དང་། དམིགས་བསལ་སྲིད་འཛིན་བྷན་ཌ་རེ་(Bidya Devi Bhandari)ལགས་རྒྱ་ནག་ལ་གཞུང་འབྲེལ་ཕྱོགས་སྐྱོད་བྱེད་བཞིན་པའི་སྐབས་དེར་བལ་ཡུལ་གྱི་གཞུང་འབྲེལ་གསར་ཁང་ཞིག་གིས། ༧ཏཱ་ལའི་བླ་མའི་སྐོར་གྱི་གནས་ཚུལ་བསྒྲགས་པ་དེ་ནི་བལ་གཞུང་གི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་འགལ་རྐྱེན་བཟོས་པ་ཞིག་ཆགས་ཡོད་པས། ངས་གསར་འགོད་པ་དེ་གསུམ་ལ་འདྲི་གཅོད་བྱེད་དགོས་པའི་བཀའ་བཏང་བ་ཡིན། ཞེས་བརྗོད་འདུག

ནག་ཉེས་གཡོགས་པའི་གསར་འགོད་པ་གསུམ་ནི་མོ་ཧན་ནེ་རི་སལ་(Mohani Risal)དང་།  སོམ་ན་ཐ་ལཱ་མི་ཆན་(Somnath Lamichhanne)།  ཇེ་ཝན་བྷན་ཌ་རི་(Jivan Bhandari)བཅས་ཡིན་པ་དང་། གསར་འགོད་པ་གསུམ་གྱིས་ང་ཚོས་༧གོང་ས་མཆོག་གི་སྐོར་ལ་གསར་འགྱུར་སྤེལ་བ་ནི་བཟང་སྤྱོད་མ་གཏོགས་ཆབ་སྲིད་ཀྱི་ཀུན་སློང་གང་ཡང་མེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་གོ་ལའི་གསར་འགྱུར་གལ་ཆེན་ཞིག་ཆགས་ཡོད་པ་དང་། དམིགས་བསལ་ཁོང་གི་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་ནི་འཛམ་གླིང་གི་མི་མང་པོས་གལ་ཆེན་དུ་རྩི་བཞིན་ཡོད་པ་མ་ཟད། བལ་ཡུལ་ནང་མི་མང་པོས་གལ་གནད་དུ་རྩི་ཡི་ཡོད་སྟབས། ང་ཚོས་གསར་འགྱུར་དེ་བལ་པོའི་སྐད་ཡིག་ནང་བསྒྱུར་ནས་སྤེལ་བ་ཡིན། ཞེས་བརྗོད་འདུག་པ་མ་ཟད། གསར་ཁང་དེའི་སྤྱི་ཁྱབ་འགན་འཛིན་ལ་ཐུག་འཕྲད་བྱས་སྐབས། ལས་ཀའི་འགན་དབང་སྲུང་སྐྱོབ་དང་གསར་འགོད་རང་དབང་མེད་པའི་སེམས་ཚོར་བསྟན་ཡོད་སྐོར་བརྗོད་འདུག

ཀ་ཐ་མན་ཌུ་ཆ་འཕྲིན་གསར་ཁང་གི་གནས་ཚུལ་ལྟར་ན། བལ་ཡུལ་ནང་རྒྱལ་ཡོངས་རང་བཞིན་གྱི་གསར་ཁང་ཞིག་གིས་༧གོང་ས་མཆོག་གི་སྐོར་ལ་དྲང་ཕྱོགས་ཀྱི་གནས་ཚུལ་སྤེལ་བ་ད་ལན་ཐེངས་དང་པོ་ཆགས་ཡོད་པ་དང་། གསར་ཁང་དེས་གནས་ཚུལ་སྤེལ་རྗེས་གསར་ཁང་གཞན་ཁག་ཅིག་གིས་ཀྱང་གནས་ཚུལ་དེ་སྤེལ་ཡོད་པར་བརྟེན།  བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཐད་ཀར་བལ་ཡུལ་གཞུང་ལ་གསར་འགྱུར་དེ་བཀག་སྡོམ་བྱེད་དགོས་པའི་བཀའ་བཏང་བ་ལྟར། ཉིན་དེའི་ཕྱི་དྲོར་གསར་འགྱུར་དེ་དྲ་ངོས་དང་ཚགས་པར་གཉིས་ཀྱི་ཐོག་ནས་བཀག་སྡོམ་བྱས་ཡོད་པ་དང་།  གསར་འགྱུར་དེ་རྒྱ་གར་གྱི་ཨ་ནེ་(ANI)གསར་ཁང་གིས་སྤེལ་བའི་གསར་འགྱུར་ཞིག་བལ་པོའི་སྐད་ཡིག་ནང་བསྒྱུར་ནས་སྤེལ་བ་ཞིག་ཡིན་འདུག

གཞུང་འབྲེལ་གསར་ཁང་དེའི་ལས་བྱེད་ཁག་ཅིག་གིས།  ཕྱི་ཟླ་ ༤ ཚེས་ ༢༧ ཉིན་གྱི་མཚན་མོར་བལ་ཡུལ་གཞུང་འབྲེལ་གྱི་གསར་ཁང་དེས་ཚགས་པར་གྲ་སྒྲིག་བྱས་ཟིན་པ་དང་། ཚགས་པར་དཔར་བསྐྲུན་མ་བྱས་པའི་སྔོན་ཙམ་དུ། རྩོམ་སྒྲིག་པ་ཤི་རེ་དྷར་ཨ་ཅརྱ་(Shreedhar Acharya)ཡིས་ཞིབ་ལྟ་ཞིག་བྱས་ཏེ།  ༧གོང་ས་མཆོག་གི་སྐོར་གྱི་གནས་ཚུལ་དེ་མེད་པ་བཟོས་སོང་། དེ་ནི་སྔོན་ནས་གྲ་སྒྲིག་བྱས་ཡོད་པ་ལྟ་བུ་ཚོར་བྱུང་། ཞེས་དང་། གསར་འགྱུར་དེ་སྤེལ་བའི་ཕྱི་ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་ཡི་མི་སྣ་ཆེད་དུ་ཡོང་སྟེ་གསར་ཁང་དེའི་སྤྱི་ཁྱབ་འགན་འཛིན་ལ་ཐུག་ཡོད་སྐོར་ཡང་བརྗོད་འདུག

རྒྱལ་ཡོངས་གསར་འགྱུར་ཁང་དེ་ནི་བལ་ཡུལ་གྱི་གསར་ཁང་ཆེ་ཤོས་དང་སྤྱི་ཚོགས་ཞབས་ཞུའི་དུས་ཡུན་རིང་ཤོས་ཀྱི་གསར་ཁང་ཞིག་ཡིན་པ་དང་། གསར་ཁང་དེའི་དབུས་ལས་ཁུངས་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུ་རུ་ཡོད་པ་དང་། ཕྱི་ལོ་ ༡༩༦༢ ལོར་གསར་འཛུགས་གནང་ཡོད་འདུག

རྒྱ་ནག་ནི་བལ་ཡུལ་གྱི་དཔལ་འབྱོར་རྒྱབ་རྟེན་ཆེ་ཤོས་ཤིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བལ་ཡུལ་ནང་གནས་སྡོད་བོད་མི་ཚོར་དམ་དྲག་སྔར་ལྷག་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་གྱིས་ལོ་རེའི་༧གོང་ས་མཆོག་གི་འཁྲུངས་སྐར་དང་གསུམ་བཅུའི་དུས་དྲན། དམངས་གཙོའི་དུས་ཆེན་སོགས་མི་མང་འདུ་འཛོམས་ཆེ་བའི་བྱེད་སྒོ་རིགས་གཅིག་ཀྱང་སྤེལ་དུ་འཇུག་གི་མེད་པ་རེད།

ཕྱི་ལོ་ ༢༠༡༨ ལོའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོ་ལྟར་ན།  བལ་ཡུལ་འཛམ་གླིང་གི་རྒྱལ་ཁབ་ ༡༨༠ ཡི་ཁྲོད་ནས་གསར་འགོད་རང་དབང་སྐྱོ་ཤོས་ཨང་ ༡༠༦ པ་དེ་ཡིན་པ་དང་། ཕྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ནས་བལ་ཡུལ་ནང་ས་གནས་དང་མངའ་སྡེ། དེ་བཞིན། གྲོས་ཚོགས་བཅས་ཀྱི་འོས་བསྡུ་བྱེད་མགོ་བརྩམས་སྐབས་ཉེ་བའི་ལོ་ངོ་ ༢༠ རིང་བྱུང་མ་མྱོང་བའི་གསར་འགོད་རང་དབང་ལ་དྲག་གནོན་དང་རྡོག་རོལ་ཚབས་ཆེན་བཏང་སྟེ གསར་འགོད་པར་ཉེན་བརྡ་དང་རྒྱུ་མཚན་གང་ཡང་མ་བཤད་པར་འཛིན་བཟུང་བྱས་ཏེ་མནར་གཅོད་གཏོང་བ་སོགས་ཀྱི་གནད་དོན་བསྟུད་མར་ཡོང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༡༣

Leave a Reply to kalsang dawa Cancel Reply

One thought on “༧གོང་ས་མཆོག་གི་སྐོར་ལ་གསར་འགྱུར་སྤེལ་བར་འདྲི་ཞིབ་བྱས།

  1. བལ་ཡུལ་ལུང་པ་འདི་རང་དབང་ལྡན་པའི་གཞུང་ཞིག་ཡིན་ནམ་ཡང་ན་རྒྱལ་ཁབ་གཞན་གྱི་མངའ་སྡེ་ཞིག་རེད