བོད་ཀྱི་ཟློས་གར་སྒྱུ་རྩལ་སྐོར་ལ་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་དང་པོ་འཚོཊ་འཆར་འདུག

ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ ༣༡ བར་འཚོགས་གཏན་འཁེལ་བའི་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༦༠ འཁོར་བའི་དུས་དྲན་ཐོག་འཛམ་གླིང་ཡུལ་གྲུ་ཁག་ ༡༠ ལྷག་ཙམ་ནས་ཕྱི་རྒྱལ་གྱི་ཆེད་མཁས་པ་ ༢༦ དངོས་སུ་ཕེབས་རྒྱུ་ཡིན་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་རྣམ་གཉིས་ནས་ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ ༣༡ བར་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་གནང་ཕྱོགས་དང་། ཟློས་གར་ཚོགས་པའི་ཚོགས་ཁང་གསར་པ་དབུ་འབྱེད་སོགས་ཀྱི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ ༣༡ བར་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་དང་བསྟུན། དུས་དྲན་མཛད་སྒོ་རྒྱ་ཆེན་པོ་ཞིག་ཚོགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ངེས་ཕེབས་ཡོང་བའི་བཀའ་བཞེས་བཟང་བོ་ཐོབ་ཡོད་པ་རེད། དེ་བཞིན་ཟློས་གར་དེ་ཧ་ཅང་གལ་ཆེན་པོ་ཡིན་སྟབས་ད་ལོ་བོད་ཀྱི་ཟློས་གར་སྐོར་ལ་རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུ་ཞིག་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་ཐོག་ནམ་རྒྱུན་ལྟར་གཏམ་བཤད་ཙམ་མ་ཡིན་པར་ཚོགས་འདུར་ཕེབས་མཁན་ཚོས་སྔོན་ཚུད་ནས་ཞིབ་འཇུག་དཔྱད་རྩོམ་བྲིས་ཏེ་དེབ་འདོན་པ་སོགས་བྱ་རྒྱུ་ཡིན། ཞེས་གསུངས་སོང་།

ཉིན་གྲངས་བཞིའི་རིང་གི་དུས་དྲན་མཛད་སྒོ་དང་བསྟུན་ཟློས་ཟུར་མ་ཡིན་པའི་གཞས་པ་དང་སྒྱུ་རྩལ་བ་སོགས་མཉམ་ཞུགས་ཡོང་བའི་སྐོར་ལ་སྲིད་སྐྱོང་མཆོག་གིས། དུས་དྲན་འདི་བཞིན་རྒྱ་ཆེན་པོ་ཚོགས་བཞིན་ཡོད་སྟབས། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་སུ་ཞིག་ཡིན་ཡང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ལ། རྣམ་པ་ཚོས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་ད་ལྟའི་ཟློས་གར་ཚོགས་པའི་གྲུབ་འབྲས་སོན་པ་ཆགས་ཀྱི་ཡོད་པ་དང་། གཞན་བོད་ཀྱི་ཟློས་གར་ཚོགས་པ་ནས་མིན་པའི་བོད་ཀྱི་གླུ་གར་སྒྱུ་རྩལ་ལ་ཡག་པོ་ཡོད་པ་ཚོ་དུས་དྲན་སྐབས་ཕེབས་ཡོང་བ་ཡིན་ན། ཉིན་གྲངས་བཞིའི་རིང་གི་དུས་དྲན་སྐབས་ཁ་ཤས་ཤིག་ལ་གོ་སྐབས་འབུལ་རྒྱུ་ཡིན་པ་དང་། འཛུལ་ཞུགས་བྱེད་པར་དང་པོ་ཚོགས་ཆུང་ལ་མིང་ཐོ་སྤྲད་ནས་དེའི་རྗེས་ཚོགས་ཆུང་ངོས་ནས་བདམ་རྒྱུ་ཡིན་པ་དང་། བདམས་ཚར་རྗེས་འཁྲབ་མཁན་དང་གཏོང་མཁན་ག་འདྲ་ཞིག་ཡིན་ནའང་མི་གཅིག་ལ་སྐར་མ་ ༨ རེའི་གོ་སྐབས་འབུལ་རྒྱུ་ཡིན། ཞེས་གསུངས་སོང་།

དེའི་རྗེས་དུས་དྲན་སྲུང་གཙི་ཞུ་ཕྱོགས་ཀྱི་སྐོར་ལ་ཟློས་གར་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས། དུས་དྲན་གྱི་་མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པ་ནས་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་བཅས། དོན་སྙིང་ཤིན་ཏུ་ཟབ་ཅིང་རྟེན་འབྲེལ་བཟང་བའི་འཇིག་རྟེན་ཞི་བདེའི་སྒྱུ་རྩལ་གཟེངས་རྟགས་རིན་ཆེན་སྡེ་ལྔ་ལས་གྲུབ་པའི་བོད་ཀྱི་ལྷ་མོའི་སྔོན་འགྲོ་རྔོན་པའི་སྣང་བརྙན་ཁྱད་པར་ཅན་ཞིག་འབུལ་ལམ་ཞུ་རྒྱུ་དང༌། དུས་དྲན་དང་བསྟུན་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་བདུན་ནས་སྒྱུ་རྩལ་མཁས་དབང་ཕྱི་རྒྱལ་བ་གྲངས་ ༡༩ དང༌། རྒྱ་གར་དང་བལ་ཡུལ་གཉིས་ནས་སྒྱུ་རྩལ་མཁས་པ་གྲངས་ ༧ བཅས་གདན་འདྲེན་ཞུས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གཞུང་ཐད་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཐེངས་དང་པོ་དེ་ཚོཊ་གཏན་འཁེལ་ཡོད་པ་དང་། དུས་དྲན་གྱི་ཉིན་དང་པོ་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་དང་ཚོགས་ཁང་གསར་པ་དབུ་འབྱེད་གནང་རྒྱུ། དེའི་རྗེས་ཀྱི་ཉིན་གསུམ་རིང་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་ཚོགས་རྒྱུ་དང་། ཉིན་དེ་དག་གི་ཉིན་རྒྱབ་ཏུ་ཟློས་གར་ཚོགས་པའི་ངོས་ནས་འཁྲབ་སྟོན་ཞུ་རྒྱུ་ཡིན་པས་མི་མང་གང་མང་ཉམས་ཞུགས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

ཐེངས་འདིའི་དུས་དྲན་དང་བསྟུན་ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་རྣམས་མཉམ་ཞུགས་ག་འདྲ་གནང་དགོས་པའི་སྐོར་ལ་ཁོང་གིས། ཚོགས་ཆེན་སྐབས་ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་ཁག་ ༡༠ ལྷག་ཙམ་ནས་ཟློས་གར་ཚོགས་མི་ཟུར་པ་གྲངས་ ༡༠༠ ལྷག་ཙམ་དང༌། ཟློས་དགེ་འོས་སྦྱོང་བ་གྲངས་ ༢༥ ལྷག་དང་ལྷ་མོ་ཚོཊ་པའི་ཚོགས་མི། དེ་བཞིན་སྒྱུ་རྩལ་བ་གཞན་འགའ་ཞིག་བཅས་མཉམ་ཞུཊ་གནང་གཏན་འཁེལ་ཡོད་པ་དང་། དུས་དྲན་མཛད་སྒོའི་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་མཁན་རྣམས་ལ་ཞལ་ལག་དང་བཞུགས་གནས་ཀྱི་དོད་ཐོབ་འབུལ་ལམ་ཞུ་རྒྱུ་དང༌། རྒྱ་བལ་འབྲུག་གསུམ་ནས་ཕེབས་མཁན་ཚོགས་བཅར་བ་རྣམས་ལ་དུས་ཆེན་རིང་གི་བཞུགས་གནས་དང༌། ཞལ་ལག ཕེབས་ལམ་གྱི་ལམ་གྲོན་དོད་བཅས་འབུལ་ལམ་ཞུ་རྒྱུ་ཡིན་པ་མ་ཟད། ཐེངས་འདིར་བོད་ཀྱི་ཟློས་གར་དགེ་ལས་ཟློས་ཟུར་རྣམས་ཕན་ཚུན་འབྲེལ་ལམ་དམ་ཟབ་འབྱུང་སླད་ཟློས་ཟུར་ཚོགས་པ་ཞིག་ཀྱང་གསར་འཛུགས་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།གཞན་ཡང་། དུས་དྲན་མཛད་སྒོར་ཕེབས་མཁན་དང་མཛད་སྒོའི་ཆེད་ཞལ་འདེབས་སོགས་འབུལ་འདོད་ཡོད་མཁན་ཚོར་སྟབས་བདེའི་ཆེད་ས་ཕྱོགས་སོ་སོའི་ཟློས་ཟུར་རྣམས་ལ་འབྲེལ་བ་བྱེད་ཕྱོགས་སྐོར་ལ་ཁོང་གིས། མཛད་སྒོ་ཆེན་མོར་ཆེད་ཕེབས་གནང་མཁན་རྣམས་དང༌། ཟློས་ཟུར་གཞན་རྣམ་པ། དེ་བཞིན་དམ་ཚིག་གཙང་བའི་མཆེད་གྲོགས་རྣམས་ནས་འབྲེལ་ལམ་སྟབས་བདེ་ཡོང་སླད། དམིགས་བསལ་གྱི་འཇིག་རྟེན་ཞི་བདེར་འགོད་པའི་སྒྱུ་རྩལ་གཟེངས་རྟགས་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་ལ་ཞལ་འདེབས་དང་ཚོགས་ཆེན་གྱི་འགྲོ་གྲོན་གྱི་དོད་སོགས་འབུལ་ལམ་ཞུ་འཆར་ཡོད་རིགས་ལྷག་བསམ་ཅན་རྣམ་པ་ཚོས།  གཤམ་གསལ་རྒྱལ་ཁབ་ཁག་གི་ཟློས་ཟུར་འབྲེལ་མཐུད་པ་རྣམས་ལ་འབུལ་ལམ་གནང་རོགས་ཞུ་རྒྱུ་ཡིན། ཨ་རི་ནེའུ་ཡོག་ནས་བསྟན་འཛིན་ཉི་བསྟན། ཨ་རིའི་མི་ནི་སོ་ཊ་ནས་བསོད་ནམས་བཟང་པོ། ཨ་རིའི་ཁེ་ལི་ཕོར་ནི་ཡ་ནས་ཚེ་རིང་འབའ་བ། ཨ་རིའི་སྦོ་སི་ཊོན་ནས་འཆི་མེད་གཡུ་སྒྲོན། ཨ་རི་སྤོརཊ་ལེནཌ་ནས་བསོད་ནམས་ཚེ་རིང་། ཧྥ་རན་སི་དང་ནེའུ་ཌར་ལན་ཌི་ནས་ནོར་བཟང་། ཨོ་སེ་ཀྲོ་ལི་ཡ་ནས་སྦྱིན་པ་དངོས་གྲུབ། སྦེལ་ལྗམ་ནས་ངག་དབང་བདེ་ཆེན། རྒྱ་གར་ལྷོ་ཕྱོགས་ནས་བསོད་ནམས་དཔལ་འབྱོར། རྒྱ་གར་ཀ་སྦུག་ནས་བསོད་ནམས་ཆོས་སྐྱིད།  ཨ་རི་མེ་ཌི་སོན་ནས་བསྟན་འཛིན་ཆོས་སྒྲོན།  ཁེ་ན་ཌ་ཊོ་རོན་ཊོ་ནས་རྒན་སྟོབས་རྒྱལ། ཁེ་ན་ཌ་མོན་ཀྲི་རི་ཡལ་ནས་ཐུབ་བསྟན་བསམ་གྲུབ། སུད་སི་ནས་ཚེ་རིང་སྟོབས་ལྡན། རྒྱ་གར་སྤོན་ཊ་ནས་བསོད་ནམས་ཚེ་རིང་། བལ་ཡུལ་ནས་ཚེ་གསུམ་ལྷ་མོ། ཟློས་གར་ནས་བསྟན་འཛིན་ཚེ་དཔལ་བཅས་ཡིན། ཞེས་བརྗོད་སོང་།

མཇུག་ཏུ་གསར་འགོད་པ་ཞིག་གིས་ཐེངས་འདིར་རྒྱལ་སྤྱི་རང་བཞིན་གྱི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཚོགས་ཆེན་སྟེང་ཆེད་ཕེབས་གནང་མཁན་གྱི་ཕྱི་རྒྱལ་བ་མི་སྣ་དེ་དག་སུ་སུ་ཡིན་པ་དང་། དེ་དག་གི་མིང་སོགས་ཁ་གསལ་བཟོ་རྒྱུ་ཡོད་མེད་བྲིས་སོང་བར་ཟློས་གར་འགན་འཛིན་ལགས་ཀྱིས། ད་ལྟའི་ཆར་ང་ཚོའི་ངོས་ནས་མགྲོན་བསུ་བྱས་པ་ལས་ཁོ་ཚོ་ཚུར་ཕེབས་ཕྱོགས་སོགས་ཀྱི་སྐོར་ལ་གྲ་སྒྲིག་ཚང་མ་ཚར་མེད་སྟབས། ད་ལྟ་མིང་གཞུང་སོགས་དམིགས་བསལ་མ་ཞུས་ན་བསམ་ཡོད་པ་དང་། མི་གྲངས་ ༢༦ དངོས་སུ་ཕེབས་རྒྱུ་ཡིན་པ་གཏན་འཁེལ་ཡོད། ཅེས་དང་། ཡང་སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་ནས་ཕེབས་པའི་མི་གྲངས་ ༡༩ ནང་དུ་གཙུག་ལག་སློབ་གཉེར་ཁང་ཁག་གི་སློབ་དཔོན་དང་འབུམ་རམས་པ། དེ་བཞིན་བོད་ཀྱི་སྒྱུ་རྩལ་སྐོར་ལ་ཉམས་ཞིབ་དང་དཔྱད་རྩོམ་འབྲི་མཁན་སོགས་ཡོད་པ་དང་། མི་གྲངས་ ༧ ནང་དུ་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་སྐོར་ལ་མི་ཚེ་ཧྲིལ་པོ་བཏང་བའི་བོད་རིགས་མཁས་པ་རྐྱང་རྐྱང་ཡིན་སྐོར་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༡༤

Leave a Reply

One thought on “བོད་ཀྱི་ཟློས་གར་སྒྱུ་རྩལ་སྐོར་ལ་རྒྱལ་སྤྱི་རང་བཞིན་གྱི་ཚོགས་ཆེན་དང་པོ་འཚོཊ་འཆར་འདུག

  1. བོད་གཞུང་ཟློས་གར་ཚོགས་པས་འཁྲབས་བཞིན་པའི་བོད་གཞས་འདི་དག་གནའ་་དུས་ཟུང་འབྲེལ་གྱི་འཁྲབ་་གཞས་ཞིག་ཡིན་པ་ལས།བོད་ཀྱི་སྲོལ་རྒྱུན་གྱི་འཁྲབ་གཞས་དངོས་མིན་་པ་ངེས་པར་དུ་ཤེས་དགོས་