ག་ལེར་རྒྱ་ནག་ནང་དབང་ཆའི་འཐབ་རྩོད་ཀྱི་ཚ་རླབས་ཤིག་ཡོང་སྲིད་པ་རེད།

རྒྱ་ནག་དབུས་དཔལ་འབྱོར་བློན་ཆེན་གཞོན་པ་ཟུར་པ་ཀྲང་ཧྲོ་ཁྲིན་(Zhang Shaochun)ཟེར་བ་ཞིག་གིས་ལྐོག་ཟ་རུལ་སུངས་འབོར་ཆེན་བྱས་པའི་ཉེས་མིང་འོག་ལོ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་དབུས་དཔལ་འབྱོར་བློན་ཆེན་གཞོན་པ་ཟུར་པ་ཀྲང་ཧྲོ་ཁྲིན་(Zhang Shaochun)ཟེར་བ་ཞིག་གིས་ལྐོག་ཟ་རུལ་སུངས་འབོར་ཆེན་བྱས་པའི་ཉེས་མིང་འོག་ལོ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་འཛིན་གཞོན་པ་ཟུར་པ་མའོ་རའེ་ལིན་(Miao Ruilin)དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་གཞོན་པ་དང་ནང་སོག་དམར་ཤོག་ཚོགས་པའི་རྒྱུན་ལས་ཟུར་པ་ཤིན་ཡོན(Xing Yun)། ཧྲན་ཞིས་ཞིང་ཆེན་གྱི་དམར་ཤོག་རྒྱུན་ལས་ཟུར་པ་དང་དྲུང་ཆེ་ཆན་ཡཱན་ཨན་(Qian Yinan)བཅས་ཀྱིས། ལྐོག་རྔན་བླངས་པ་དང་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག་ཁྲིམས་བཤེར་ཁང་ལ་རྩིས་སྤྲོད་བྱས་ཡོད་འདུག

རྒྱ་ནག་པེ་ཅིན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གཉིས་པ་ཟེར་བས་དཔལ་འབྱོར་བློན་ཆེན་གཞོན་པ་ཀྲང་ཧྲོ་ཁྲིན་གྱིས་ལྐོག་རྔན་ཁྱོན་རྒྱ་སྒོར་ས་ཡ་ ༦༧ ལྷག་བླངས་ཡོད་པ་དང་། ཁྲིམས་བཤེར་སྐབས་ཁོས་ལྐོག་ཟ་རུལ་སུངས་བྱས་པ་ཁས་ལེན་བྱས་ཡོད་པ་མ་ཟད། ལྐོག་ཟ་བྱས་པའི་དངུལ་ཆ་ཚང་རྒྱལ་ཁབ་ཀྱི་བང་མཛོད་ནང་ཕྱིར་སློག་རྒྱུ་དང་། ཁྲིམས་ལུགས་གཞིར་བཟུང་ཁོ་ལ་ལོ་ ༡༥ དང་རྒྱ་སྒོར་ས་ཡ་ ༦ གི་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་ཡོད་པ་དང་། ཡང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བཏོན་པའི་གནས་ཚུལ་ཞིག་གི་ནང་། ཞིང་ཆེན་གཉིས་དང་ལྗོངས་གཅིག་གི་མགོ་འཁྲིད་གསུམ་ལ་ཞིབ་བཤེར་བྱས་ཏེ། མགོ་འཁྲིད་དེ་གསུམ་གྱིས་ལྐོག་རྔན་འབོར་ཆེན་བླངས་བའི་ཉེས་བ་ཆེན་པོ་བསགས་ཡོད་པས་དུས་ལྟར་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོ་ཚོ་ཁྲིམས་ལྟར་བྱས་ཉེས་ཐག་གཅོད་ཆེད་ཁྲིམས་བཤེར་ཁང་ཁག་ལ་རྩིས་སྤྲོད་བྱས་ཡོད་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་ལགས་སུ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་རྡུང་རྡེག་ལ་གྲུབ་འབྲས་ག་འདྲ་བྱུང་གི་ཡོད་པ་དང་། ད་ལྟ་ད་དུང་རྒྱ་ནག་གཞུང་གིས་དབུས་དང་ཞིང་ཆེན་ཁག་ན་མགོ་འཁྲིད་མང་པོ་ཞིག་འཛིན་བཟུང་བྱེད་བཞིན་པ་དེ་དངོས་ནས་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་མེད་སོགས་དྲིས་པར་ཁོང་གིས། རྒྱ་ནག་དམར་ཤོག་གཞུང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཕྱི་ལོ ༢༠༡༨ ལོའི་ཟླ ༡༢ ནང་བསྒྲགས་པའི་ཡིག་ཆ་ལྟར་ན། ཚོགས་ཆེན་༡༨ ནས་ ༡༩ བར་གྱི་ལོ་ལྔའི་ནང་བློན་ཆེན་དང་བློན་གཞོན་རིམ་པའི་དཔོན་རིགས ༤༤༠ ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་པ་བཙུགས་ཡོད་པར་མ་ཟད། ཁུལ་རིམ་པའི་དཔོན་རིགས་ ༨༩༠༠ དང་རྫོང་རིམ་པའི་དཔོན་རིགས་ཁྲི ༦།༣ ལ་ཆད་པ་བཅད་ཡོད་འདུག ཕྱི་ལོ་ ༢༠༡༨ ལོའི་ཟླ ༡ ནས ༩ བར་ལྐོག་ཟའི་གྱོད་དོན་ ༤༦༤༠༠༠ལ བརྩད་གཅོད་དང་༤༦༠༠༠༠ ལ་ཉེས་འཛུགས་བྱས་ཡོད་པ་དང་། གྲངས་འབོར་འདི་དག་ལྟར་ཁྱོན་ཡོངས་ལ་རིགས་འདེད་ཅིག་བྱས་པ་ཡིན་ན། རྒྱ་ནག་དམར་ཤོག་གཞུང་གི་མངའ་འོག་ཏུ་ཞིང་ཆེན་རིམ་པ ༣༤ དང་ ཁུལ་རིམ་པ ༣༣༣ དང་། རྫོང་རིམ་པ་ ༢༨༦༢ ཡོད་པས། ཆ་སྙོམས་ལྟར་བགོས་ན་ཞིང་ཆེན་རེ་ལ་བློན་ཆེན་དང་བློན་གཞོན་རིམ་པའི་དཔོན་རིགས་ ༡༣ ལྷག་དང་། ཁུལ་རེ་ལ་ཁུལ་རིམ་པའི་དཔོན་རིགས་ ༢༧ དང་རྫོང་རིམ་པ་རེ་ལ་དཔོན་རིགས་ ༢༠ ལྷག་ལྐོག་ཟ་རུལ་སུངས་པ་ཆགས་ཀྱི་ཡོད་པས། གྲངས་འབོར་འདི་ཉུང་ཉུང་ཞིག་མ་རེད་ལ། རྒྱ་ནག་དམར་ཤོག་མངའ་འོག་ཏུ་ལྐོག་ཟ་མི་བྱེད་པའི་དཔོན་རིགས་ཧ་ལམ་མི་འདུག་ཟེར་ཆོག་པ་ཞོར་ནས་ཤེས་ཐུབ། ཡིན་ནའང་། གྲངས་འབོར་འདི་དག་ནང་དུ་དམར་ཤོག་དཔོན་རབས་ཀྱི་མི་སྣ་ཚུད་ཀྱི་མེད་པས། འདི་གདམ་གསེས་རང་བཞིན་གྱི་རྒོལ་རྡུང་ངམ། དམར་ཤོག་སྲིད་གཞུང་གི་བརྟན་ལྷིང་སྲུང་སླད་མང་ཚོགས་ལ་འཁྲབ་སྟོན་ཞིག་ཏུ་གྱུར་ཡོད། ཅེས་བརྗོད་བྱུང་།

ཡང་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ཁ་གཏད་གཅོག་ས་གཙོ་བོ་ག་རེ་ཡིན་པ་དང་ལྐོག་ཟ་རུལ་སུངས་རྒོལ་རྡུང་གི་རྒྱབ་ལྗོངས་ཆབ་སྲིད་གཡོ་བྱུས་སྐོར་ལ་ཁོང་གིས། རྒྱ་ནག་དམར་ཤོག་གཞུང་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ཁ་གཏད་ཡུལ་དཔོན་རབས་གསར་པ་དང་སྲུང་བྱ་དམར་ཤོག་དཔོན་རྒྱུད་ཀྱི་ཁེ་ཕན་ཡིན་པས། ལྐོག་ཟ་རུལ་སུངས་ལ་ཞིབ་བཤེར་དང་བསྟུན་པའི་ཁ་མི་ཉན་མཁན་གྱི་མཐོ་རིམ་དཔོན་རིགས་རྨེག་མེད་གཏོང་བའི་དབང་ཆའི་འཐབ་རྩོད་གཉིས་ཆུ་དང་འོ་མ་ལྟར་འདྲེས་ནས་ཡོད། དེ་བས། ཞི་ཅིན་ཕིན་གྱིས་དང་ཐོག་དམག་ཁུལ་གྱི་མཐོ་རིམ་དཔོན་རིགས་རྩ་མེད་ཀྱིས་དམར་ཤོག་དཔོན་རྒྱུད་ལ་བློ་དཀར་བའི་དམག་དཔོན་གསར་པ་གང་མང་བསྐོ་འཇོག་བྱས་ཡོད་ལ། དེ་ཡིས་དམར་ཤོག་སྲིད་གཞུང་གནའ་དེང་གཉིས་ཆར་དྲག་པོ་ཁོ་ནར་བརྟེན་ཡོད་པ་གསལ་བོ་ཆགས་ཐུབ་ཡོད་པར་མ་ཟད། འཚེ་མེད་ཞི་བའི་ལྟ་གྲུབ་དང་མེ་ཆུ་མཉམ་གནས་དཀའ་བ་ལྟར་དུའང་གྱུར་ཡོད། ཅེས་བརྗོད་བྱུང་།

མ་འོངས་པར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་གྱིས་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ག་འདྲ་ཞིག་ཆགས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་དྲིས་པར་ཁོང་གིས། མ་འོངས་པར་ག་འདྲ་ཆགས་མིན་བཤད་ཁག་པོ་ཞིག་རེད། འོན་ཀྱང་། གསལ་བོ་གཅིག་བཤད་ཐུབ་པ་ནི་ཕྱོགས་འགལ་ཚོགས་པ་མེད་པའི་ཤོག་ཁག་གཅིག་དང་ལྟ་གྲུབ་གཅིག་ཁོ་ན་ཅན་གྱི་དབང་འཛིན་པ་སུ་ཡིན་ནའང་ལྐོག་ཟ་རུལ་སུངས་དང་ཁ་འབྲལ་ཐུབ་ཀྱི་ཡོད་པ་མ་རེད། དེ་བས། རྒྱ་ནག་དམར་ཤོག་གཞུང་ཡང་གནས་སྟངས་དེའི་འོག་ནས་འདའ་མི་ཐུབ་པས། ག་ལེར་ཁེ་ཕན་རྒྱབ་ལ་ཡིབ་པའི་དབང་ཆ་འཕྲོག་རྩོད་ཀྱི་ཚ་རླབས་ཤིག་ནང་ཁུལ་དུ་ཡོང་སྲིད་པ་ཞིག་རེད། སྐབས་དེ་དུས་བོད་པ་ཚོར་གྲ་སྒྲིག་ཅི་ཞིག་ཡོད། སྒོས་སུ་བཙན་བྱོལ་ནང་གནམ་གྲུ་གཏོང་ཐུབ་མཁན་དང་བཟོ་ཤེས་མཁན། ཆུ་གློག་ས་ཚུགས་དང་གློག་བཟོ་བྱང་ཆ་ཅན། མེ་འཁོར་ཞིག་གསོ་དང་གཏོང་ཤེས་མཁན། གཏེར་ལས་ཤེས་མཁན་ག་ཚད་སྐྱེད་སྲིང་བྱས་ཡོད། གལ་ཏེ་ཉུང་མཐའི་རང་ཁ་རང་གསོའི་ཤེས་བྱ་ཡོད་མཁན་མེད་ན། སྡིགས་དམོད་གཅིག་པུས་ཅི་གང་མི་ཡོང་བས། མ་འོངས་པར་བསམ་བློ་གཏོང་སྐབས་རང་གཞན་གཉིས་ཀྱི་གཅིག་ཀྱང་འདོར་མི་རུང་བའང་གལ་ཆེན་རེད་འདོད། ཅེས་བརྗོད་བྱུང་།

རྒྱ་ནག་དམར་ཤོག་ཚོགས་པའི་དཔལ་འབྱོར་བློན་ཆེན་གཞོན་པ་ཀྲང་ཧྲོ་ཁྲིན་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་ལིའོ་ལེན་ཞིང་ཆེན་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༤ ལོར་རྒྱ་ནག་ཏུང་པེ་དཔལ་འབྱོར་རིག་པའི་གཙུག་ལག་སློབ་གཉེར་ཁང་(Dongbei University of Finance and Economics)ནས་སློབ་མཐར་ཕྱིན་ཡོད་པ་དང་། ལོ་དེར་ཁོ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་དང་རྒྱ་ནག་དབུས་དཔལ་འབྱོར་ལས་ཁུངས་ནང་ལས་ཞུགས་བྱས། ཕྱི་ལོ་ ༢༠༠༦ ལོ་ནས་རྒྱ་ནག་དཔལ་འབྱོར་བློན་ཆེན་གཞོན་པའི་གོ་གནས་བཟུང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ཚེས་ ༧ ཉིན་ནས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག

ཞིང་ཆེན་མགོ་འཁྲིད་གསུམ་ལས་མའོ་རའེ་ལིན་(Miao Ruilin)ནི་ཕྱི་ལོ་ ༡༩༦༤ ལོར་རྒྱ་ནག་ཅང་སུའུ་ཞིང་ཆེན་དུ་སྐྱེས་ཤིང་། ཁོང་གི་ཨ་ཕ་དེ་སྔོན་གྲོང་ཁྱེར་སྤྱི་ཁྱབ་ཅིག་ཡིན་པ་དང་། མའོ་རའེ་ལིན་ནི་རྒྱ་ནག་ཅང་སུའུ་ཞིང་ཆེན་ཞིང་ལས་སློབ་ཆེན་ནས་སློབ་མཐར་ཕྱིན་ཞིང་། སྐབས་ ༡༨ པའི་རྒྱ་ནག་དམར་ཤོག་ཚོགས་པའི་མང་ཆེན་འཐུས་མི་དང་ཕྱི་ལོ་ ༢༠༡༣ ལོ་ནས་ཅང་སུའུ་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པར་བསྡད་ཡོད་འདུག དེ་བཞིན་ནང་སོག་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་གཞོན་པ་ཤིན་ཡོན་ནི། ཕྱི་ལོ་ ༡༩༥༢ ལོར་རྒྱ་ནག་ནང་སོག་རང་སྐྱོང་ལྗོངས་ནང་སྐྱེས་ཤིང་། ནང་སོག་རང་སྐྱོང་ལྗོངས་འཕྲུལ་ལས་གཙུག་ལག་སློབ་ཆེན་ (Inner Mongolia University of Technology)ནས་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༧༦ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་ཀྱིས་ནང་སོག་ས་གནས་སུ་ལས་གཉེར་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༡༥

Leave a Reply

4 thoughts on “ག་ལེར་རྒྱ་ནག་ནང་དབང་ཆའི་འཐབ་རྩོད་ཀྱི་ཚ་རླབས་ཤིག་ཡོང་སྲིད་པ་རེད།

  1. ༄༅། ཡ་ལོས་ཡིན།
    གཞན་ལས་རང་གཅེས་པ། སྤྱི་ལས་སྒེར་འཛིན་ཆེ་བ། དགེ་ལས་སྡིག་ཆེ་བ། མང་ལས་ཉུང་གཅེས་པ།
    སངས་རྒྱས་ཀྱི་གསུང་ལ་མི་བརྕི་བ་ཤ་རྟག་རེད།

  2. རྒྱ་ནག་ནང་གི་དབང་ཆ་འཐབ་རྩོད་ནི་ཚེ་སྲོག་གི་ཁ་གཏད་དུ་གྱུར་པའི་དབང་ཆའི་འཐབ་རྩོད་གཅིག་ཡིན་པས་རང་རེའི་བཙན་བྱོན་ནང་གི་དབང་ཆ་འཐབ་རྩོད་དང་མི་འདྲ་ས་ངེས་པར་དུ་ཤེས་དགོས་།

  3. གཞུང་པ་ཚེ་དབང་བསོད་ནམའ་

    དབང་ཆའི་ཐབས་རྩོད་ནི་རྒྱ་ནག་ཙམ་མ་ཟད་འཛམ་གླིང་གི་ཡུལ་ལུང་
    མང་པོའི་ནང་དབང་ཆའི་ཐབས་རྩོད་ཀྱི་དུས་རབས་ཤར་བ་ང་ཚོའི་མིག་
    མདུན་དུ་མཐོང་བཞིན་པ་ནས་བཙན་བྱོལ་སྤྱི་ཚོགས་ནང་གི་ཁ་མཆུ་ཨང་
    ཉི་ཤུ་དེ་ཡང་དབང་ཆའི་ཐབས་རྩོད་དང་འབྲེལ་བ་མེད་པ་ཨ་ཡིན།

  4. གསར་འགྱུུར་གྱི་བར་དུ་ངོ་སྤྲོད་དང་རྒྱུ་མཚན་མེད་པས་གནམ་ལོ་གཡག་གི་པར་ཞིག་གང་བྱུང་དུ་འཇོག་དགོས་དོན་ཅི། གསལ་བཤད་ཅིག་གནང་རོགས་ཞུ།