བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་མགོ་འཛུགས་གནང་།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་བསྡུས་ཏེ་རྒྱལ་སྤྱི་དང་རྒྱ་ནག་གི་འབྲེལ་བའི་གནས་སྟངས་སྐོར་ལ་བལྟས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ཅི་དགོས་སྐོར་གོ་བསྡུར་གནང་བཞིན་འདུགདེ་རིང་སྔ་དྲོར་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་ཨེ་ཤ་ཡའི་འཕྲོད་བསྟེན་གསོལ་མགྲོན་ཁང་ (Asia Health Resorts) གི་ཚོགས་ཁང་དུ། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་མགོ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་ཁྱོན་ཚོགས་མི་ ༡༨ ཆེད་བཅར་གྱིས་ཉིན་གྲངས་ ༢ རིང་ཡུ་རོབ་དང་རྒྱ་ནག་གི་འབྲེལ་བ། ཨ་རི་དང་རྒྱ་ནག་གི་འབྲེལ་བ། དེ་བཞིན་རྒྱལ་སྤྱི་དང་རྒྱ་ནག་གི་འབྲེལ་བའི་གནས་སྟངས་སྤྱི་བསྡོམས་གནང་བའི་ཐོག་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ལ་འབད་བརྩོན་ཅི་དགོས་སྐོར་གོ་བསྡུར་གནང་གི་ཡོད་པ་རེད།

བོད་རྒྱ་ཞི་མོལ་གྱི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་ཡོད་པས་ད་ལན་གྱི་ཚོགས་འདུའི་ཐོག་ཚོགས་མི་གསར་པ་བསྐོ་འཆར་ཡོད་མེད་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྒྱ་ནག་ལ་ཞི་མོལ་གྱི་སྐུ་ཚབ་རྒྱ་རི་རིན་པོ་ཆེ་དགོངས་པ་རྫོགས་ཡོད་པ་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ངོས་ནས་མྱ་ངན་གུས་འདུད་ཞུ་རྒྱུ་དང་། ད་ལྟའི་ཆར་རྒྱ་རི་རིན་པོ་ཆེ་དགོངས་པ་རྫོགས་པའི་ཚབ་ལ་ཚོགས་མི་དམིགས་བསལ་བསྐོ་བཞག་བྱ་འཆར་ཡོད་པ་མ་རེད། ཅེས་བརྗོད་སོང་།

བོད་མིའི་སྒྲིག་འཛུགས་ངོས་ནས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཡིག་ཆ་རྒྱ་ནག་གཞུང་ལ་ཕུལ་ཡོད་ནའང་རྒྱ་ནག་གཞུང་ནས་ཡ་ལན་གང་ཡང་བྱས་མེད་སྟབས། ཐེངས་འདིའི་ཚོགས་འདུའི་ཐོག་ཡིག་ཆ་དེར་འགྱུར་བ་གཏོང་གི་ཡོད་མེད་དྲིས་པར་ཁོང་གིས། བོད་མིའི་སྒྲིག་འཛུགས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་རང་བཙན་མ་རྩད་པའི་ཐོག་ནས་མ་འོངས་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་མཉམ་མཐུན་ཐོག་ནས་འདུག་རྒྱུའི་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་དགོངས་འཆར་ཞིག་ཡོད་པ་དེར་འགྱུར་བ་གང་ཡང་མེད་པར་དེའི་ཐོག་མུ་མཐུད་གནས་ཡོད་པ་རེད། ཡིག་ཆ་དེ་གཞིར་བཞག་ཐོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་ཞི་མོལ་ཡོང་ཐབས་ཐོག་ང་ཚོས་མུ་མཐུད་འབད་བརྩོན་བྱ་དགོས་པ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་བོད་རྒྱ་ཞི་མོལ་གནང་ཐབས་ག་རེ་ཡོད་མེད་དྲིས་པར། གཞུང་འབྲེལ་ཐོག་སྐུ་ཚབ་ཕེབས་ཏེ་བཀའ་མོལ་གནང་རྒྱུ་དང་ཡང་ན་གཞུང་འབྲེལ་གྱི་སྐུ་ཚབ་མེད་པའི་ཐོག་ནས་འབྲེལ་བ་མང་པོ་གནང་རྒྱུ་ཞེ་དྲག་ཡོད་པ་དང་། ད་ལྟའི་ཆར་གཞུང་འབྲེལ་སྐུ་ཚབ་ཕེབས་ནས་རྒྱ་ནག་མཉམ་དུ་ཞི་མོལ་གནང་བའི་འབྲེལ་བ་དེ་ཕྱི་ལོ་ ༢༠༡༠ ལ་ཆད་ཡོད་ནའང་། རྒྱ་ནག་མཉམ་དུ་མུ་མཐུད་ཞི་མོལ་ཡོང་ཐབས་སུ་འབྲེལ་བ་བྱེད་པ་དང་འབད་བརྩོན་མུ་མཐུད་གནང་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནི་བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་ཞི་བའི་ལམ་ནས་སེལ་ཐབས་སུ་དམིགས་ཏེ་ཆེད་འཛུགས་གནང་བ་ཞིག་ཡིན་ལ།  ཕྱི་ལོ་༡༩༩༩ ལོར་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོ་བར་དུ་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་གི་དཔོན་རིགས་བར་ཞི་མོལ་ཐེངས་ ༩ བྱུང་ཡོད་ཀྱང་དེ་ནས་བཟུང་མཚམས་བཅད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ག་དུས་ཡིན་ནའང་ཞི་མོལ་ལ་གྲ་སྒྲིག་ཨང་གསར་ཡིན་ཞེས་གསུང་གི་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་འབྲེལ་མོལ་བསྐྱར་དུ་མ་མཐུད་པར་ལོ་ངོ་ ༩ ཙམ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༡༥

Leave a Reply

3 thoughts on “བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་མགོ་འཛུགས་གནང་།

  1. མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་གསམ་འཆར་ཡིག་ཆ་འདི་ག་སྲིད་འགྱུར་བ་ཞིག་གཏང་དགོས་བྱུང་ཚེ།གོང་ས་མཆོག་་གི་དགོངས་གཞི་འོག་བོད་མིའི་རྒྱ་ཆེ་མང་ཚོགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགྱུར་་བ་གཏོང་དགོས་པ་ལས་བོད་རྒྱའི་ཞི་མོལ་ལས་དོན་ཚོགས་ཆུང་ལ་དགོངས་འཆར་ཕུལ་རྒྱུ་ཙམ་ལས་འགྱུར་བ་གཏོང་རྒྱའི་དབང་ཆ་ཡོད་མ་རེད་།

  2. གཞུང་པ་ཚེ་དབང་བསོད་ནམའ་

    འབྲེལ་མོལ་རེད་ཞི་མོལ་རེད་གྲོས་མོལ་རེད།
    འབྲེལ་མོལ་དང་ཞི་མོལ་དང་གྲོས་མོལ་དེ་གསུམ་
    དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་
    ན་སྲིད་དོན་ཚན་རིག་དང་མཐུན་གྱི་ཡོད་པ་ཡིན་ནམ།
    ཕྱི་ལོ་༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ལྡི་ལིེར་འབྱོར་
    སྐབས་ང་ཚོའི་འབྲེལ་བ་གནང་མ་ཐུབ་པ་དེ་གནད་དོན་
    གང་ལ་ཐུག་པ་ཡིན་ནམ།