སློབ་གསོའི་ལམ་ལུཊ་གསར་པ་མགོ་ལོག་ཁུལ་དུ་བསླེབས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཁང་གིས་འདི་ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་ཁུལ་ཡོངས་ཀྱི་འཛིན་རིམ་དང་པོའི་ནང་ཐབས་ལམ་གཉིས་པའི་སློབ་གསོའི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་བསྒྲགས་འདུག

དེ་རིང་གཞུང་འབྲེལ་གྱི་ཡིག་ཆ་ཞིག་དྲ་ལམ་དུ་བཀྲམས་པ་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཁང་གིས། ཕྱི་ལོ་ ༢༠༡༩ ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་ཁུལ་ཡོངས་ཀྱི་རྫོང་དང་ཡུལ་ཚོ་ཁག་གི་སློབ་ཆུང་འཛིན་རིམ་དང་པོ་ཚང་མའི་ནང་ཐབས་ལམ་གཉིས་པའི་སློབ་གསོའི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ཞེས་པའི་ཡོངས་ཁྱབ་བརྡ་ཐོ་ཞིག་སྤེལ་ཡོད་པའི་ནང་། བརྒྱུད་ལམ་མང་པོ་དང་རྣམ་པ་འདྲ་མིན་གྱི་ཐོག་ནས་སློབ་ཕྲུག་རྣམས་གསོ་སྐྱོང་བྱས་ཏེ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མང་དུ་བསྐྲུན་ཐབས་དང་། ཁུལ་ཡོངས་ཀྱི་སློབ་གསོའི་ལམ་ལུགས་གཅིག་གྱུར་ཡོང་ཆེད། འདི་ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་མགོ་ལོག་ཁུལ་ཡོངས་ཀྱི་འཛིན་རིམ་དང་པོ་ཚང་མའི་ནང་བོད་ཀྱི་སྐད་ཡིག་སློབ་ཚན་གཅིག་པུ་མ་གཏོགས་གཞན་སློབ་ཚན་ཚང་མ་རྒྱ་སྐད་རྒྱ་ཡིག་ནང་སློབ་འཁྲིད་བྱེད་དགོས་པ་དང་། རིམ་གྱིས་མགོ་ལོག་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ལམ་ལུགས་དེ་ཐབས་ལམ་གཉིས་པའི་སློབ་གསོའི་ལམ་ལུགས་ཅན་དུ་བསྒྱུར་རྒྱུ་ཡིན་སྟབས། ཁུལ་དེའི་རྫོང་ཁག་གི་སློབ་གསོ་ཁང་ཚང་མས་དོ་ནན་ཆེན་པོས་བྱ་བཞག་དོན་འཁྱོལ་ཡོང་བར་རོགས་འདེགས་གང་ལེགས་བྱེད་དགོས་པ་དང་། རྒྱའི་སྐད་ཡིག་གི་གནས་ཚད་ལེགས་པའི་དགེ་རྒན་རྣམས་ལ་འཛིན་རིམ་དང་པོའི་སློབ་ཁྲིད་ཀྱི་འགན་འཁུར་དུ་འཇུག་པ་དང་། སློབ་དེབ་དང་སློབ་དེབ་ཀྱི་རིན་འབབ་དུས་ཐོག་ཏུ་འབུལ་ཐུབ་པ་དང་། དུས་ཐོག་ཏུ་སློབ་ཁྲིད་མགོ་འཛུགས་ཐུབ་དགོས་སྐོར་བརྗོད་འདུག

ཡང་མགོ་ལོག་གཅིག་སྒྲིལ་རྫོང་སློབ་གསོ་ཁང་གིས་དེ་འབྲེལ་གྱི་བརྡ་ཁྱབ་ཅིག་བཏང་བའི་ནང་། འབྲེལ་ཡོད་སྒྲིག་འཛུགས་ཁག་གི་དགེ་རྒན་རྣམས་ཀྱིས་ཐབས་ལམ་གཉིས་པའི་སློབ་གསོའི་ལམ་ལུགས་ལ་སློབ་སྦྱོང་ནན་ཏན་དང་། དགེ་རྒན་རྣམས་ལ་དཔྱད་གླེང་ཚོགས་འདུ་བསྡུས་ཏེ། སོ་སོའི་སློབ་ཁོངས་སུ་ཐབས་ལམ་གཉིས་པའི་སློབ་གསོའི་ལམ་ལུགས་ཇི་ལྟར་ལག་བསྟར་དགོས་པ་དང་། དགེ་རྒན་བཀོད་སྒྲིག་ག་འདྲ་བྱེད་དགོས་པ་སོགས་ཀྱི་ཐད་གྲོས་བསྡུར་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་གྱི་སྔོན་ལ་རྫོང་སློབ་གསོ་ཞིབ་འཇུག་ཁང་ལ་བྱ་བའི་སྙན་ཞུ་སྤྲོད་དགོས་སྐོར་བརྗོད་འདུག

བརྡ་ཁྱབ་དེ་དང་འབྲེལ་ནས་བོད་ནང་གི་ཤེས་ཡོན་སློབ་གསོ་དོན་གཉེར་བ་མང་པོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་པོ་བྱེད་བཞིན་འདུག་ལ། བོད་ནང་གི་རྩོམ་པ་པོ་ཞིག་གིས་ཡིག་ཆ་འདི་དག་ལ་ཁ་གཏད་གཅོག་པར་ང་ཚོར་ལག་ཆ་ཞིག་ཡོད་པ་ནི་མི་རིགས་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་བཅའ་ཁྲིམས་ཡིན་པ་དང་། ན་ནིང་མཚོ་ལྷོ་ཁུལ་གྱི་མགོ་ཁྲིད་དང་ཁྱིམ་བདག་སློབ་མ་སོགས་ཀྱིས་སློབ་གསོ་འདི་ལག་བསྟར་བྱེད་པར་གང་ཡང་མ་བཤད་པས་སློབ་གསོ་དེ་ལག་བསྟར་བྱེད་པར་ལམ་སྣེ་བསྟན་ཡོད་སྐོར་བརྗོད་འདུག

ཡང་སློབ་གསོ་དོན་གཉེར་བ་བོད་མི་གཞན་ཞིག་གིས། ཚུལ་འདི་སྐད་ཡིག་གི་གཞི་རྩའི་ཆོས་ཉིད་དང་འགལ་བའི་འགྲོ་སྟངས་ཤིག་རེད། སྤྱིར་རྒྱལ་སྤྱིའི་ཚད་ལྡན་གྱི་འགྲོ་སྟངས་ལས། བྱིས་པ་དག་གི་ཀླད་པའི་ནང་སློབ་རིམ་གསུམ་པའི་བར་ཕ་སྐད་མ་ཡིག་གི་སྐད་ཆའི་སྒྲིག་གཞི་འཐུས་ཚང་བ་གྲུབ་པར་བྱེད་པ་མ་གཏོགས་ཕྱི་ཡིག་གམ་གཞན་སྐད་མི་འཁྲིད་པ་དང་། བསླབ་བྱ་ཁག་ནི་སློབ་ཆུང་ཐོན་རག་བར་གཞན་སྐད་ཀྱི་ལམ་ནས་དེ་བས་ཀྱང་མི་འཁྲིད་ལ། མང་ཆེ་ཤོས་ད་དུང་སློབ་ཆེན་ནང་ནས་ཀྱང་རང་གི་ཕ་སྐད་ཀྱི་ལམ་ནས་འགྲོ་བ་རེད། དེ་ནི་ཕ་སྐད་སློབ་གསོ་རེད། རྨོངས་འཐོམས་ཀྱིས་ཁེངས་པའི་སློབ་གསོའི་སྡེ་ཁག་གི་མི་དང་། སློབ་གསོ་བཤད་མཁན་ཁག་ཅིག་གིས་ཐབས་ལམ་དང་པོ་དང་གཉིས་པ་ཞེས་ལབ་ཀྱིན་འདུག་མོད། འོན་ཀྱང་སྐད་ཆ་འདིར་ཏན་ཏན་རྙོག་དྲ་ཡོད་པ་རེད། རང་རེར་མཚོན་ན་ཕ་སྐད་སློབ་གསོ་ཞེས་སྦྱར་ན་ཧ་ཅང་འཚམ་པོ་རེད། ཞོར་དུ་ཚང་མས་སྐད་ཆ་དེའི་ཤུགས་ལ་འདང་རྒྱག་རིན་ཆེན་པོ་འདུག་སྙམ། གཞན་ཡང་ཀྲུང་གོའི་རྩ་ཁྲིམས་ནང་མི་རིགས་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ་ལ་རང་གི་སྐད་ཡིག་གི་ལམ་ནས་སློབ་གསོ་མྱོང་བ་སོགས་ལས་དོན་གང་སྒྲུབ་ན་ཆོག་པའི་དབང་ཆ་གཏན་འབེབ་བྱས་ཡོད་བཞིན་དུ་གོང་ནས་ཐད་ཀར་བཀའ་འདི་འདྲ་ཐོན་པ་ནི་མི་རིགས་རང་སྐྱོང་ཁུལ་གྱི་རྩ་བའི་ཁྲིམས་མཐུན་གྱི་ཁེ་དབང་གང་དེ་རྩིས་མེད་བྱས་པ་རེད། དེ་བས། ལམ་ལུགས་འདི་གཅིག་ནས་རྒྱལ་སྤྱིའི་ཚད་ལྡན་གྱི་སློབ་གསོའི་འགྲོ་སྟངས་དང་མི་མཐུན་ཞིང་། གཉིས་ནས་ཁྲིམས་ཀྱི་ངོས་ནས་མི་རིགས་རང་སྐྱོང་ཁུལ་གྱི་ཁེ་དབང་ལ་རྡོག་བརྫས་བཏང་བའི་རྣམ་པ་ཞིག་ཀྱང་རེད། ཅེས་བརྗོད་འདུག

ཕྱི་ལོ་༡༩༩༣ ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་བའི་མི་དམངས་འཐུས་ཚོགས་ཐེངས་བཞི་བའི་ཐོག་<<མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག>>ཅེས་པའི་ལེའུ་ ༧ དང་དོན་ཚན་ ༤༣ ཡོད་པའི་སྲོལ་ཡིག་གཏན་འབེབ་བྱུང་ཡོད་པ་དང་། སྲོལ་ཡིག་དེའི་ལེའུ་བཞི་པ་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཞེས་པའི་དོན་ཚན་ ༡༡ པ་དང་ ༡༢ པའི་ནང་དུ། རང་སྐྱོང་ཁུལ་ཁོངས་ཀྱི་བོད་ཡིག་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་དང་སློབ་ཁྲིད་སྐད་རིགས་ལ་བོད་ཀྱི་སྐད་དང་ཡི་གེ་གཙོ་བོ་བྱ་རྒྱུ་དང་། དུས་མཚུངས་སུ་རྒྱའི་སྐད་ཡིག་གི་སློབ་ཚན་འཛུགས་རྒྱུ་དང་། དེ་བཞིན་བོད་རིགས་ས་ཁུལ་གྱི་རྒྱ་རིགས་དང་མི་རིགས་གཞན་པའི་ལས་བྱེད་པ་དང་ལས་བཟོ་པར་བོད་ཀྱི་སྐད་ཡིག་སློབ་པའི་གསོ་སྦྱོང་སྤྲད་དེ། བོད་ཀྱི་སྐད་ཡིག་བཀོལ་ནས་འགན་ལས་ལག་བསྟར་བྱེད་རྒྱུ་ཡིན་སྐོར་བཀོད་འདུག

ཕྱི་ལོ་ ༢༠༡༠ ལོར་མཚོ་སྔོན་སློབ་གསོ་ཁང་ཟེར་བས་རྒྱ་ཡིག་གཙོ་གཉེར་གྱི་སློབ་གསོའི་ལམ་ལུགས་གསར་པ་གཏན་འབེབ་བྱས་པར་བརྟེན། སྐབས་དེར་རེབ་གོང་དང་མཚོ་ལྷོ་ཆབ་ཆ་ཁུལ། རྨ་ལྷོ་སོགས་ཀྱི་སློབ་གྲྭ་ཁག་གི་སློབ་ཕྲུག་སྟོང་ཕྲག་མང་པོས་མི་རིགས་འདྲ་མཉམ་དང་སྐད་རིགས་རང་དབང་ཞེས་པའི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། རྒྱ་ནག་གཞུང་གིས་གནས་སྐབས་རིང་སློབ་མ་དང་ཁྱིམ་བདག་ལ་འདོད་མོས་མེད་ཚེ་སློབ་གསོའི་ལམ་ལུགས་གསར་པ་དེ་ཕྱིར་འཐེན་བྱ་ཆོག་སྐོར་བརྗོད་ཡོད་ན་ཡང་། ཕྱི་ལོ་ ༢༠༡༡ ལོའི་དགུན་ནང་གི་སློབ་སྐབས་དང་བསྟུན་མཚོ་སྔོན་གྱི་གཅན་ཚ་དང་རེབ་གོང་། ཡ་ཙི། བན་ཡན། མཚོ་ལྷོ་སོགས་སུ་རྒྱ་སྒྱུར་སློབ་གསོ་དེ་དངོས་སུ་ལག་བསྟར་མགོ་བཙུགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༡༦

Leave a Reply