ཁ་ན་ཌ་གཞུང་གིས་བོད་དོན་ཐོག་ཕྱག་ལས་གནང་བའི་དུས་ལ་བབས་འདུག

སྐྱེས་ཁུངས་ཝེ་ཐི་ནམ་ནས་ཡིན་པའི་ཁ་ན་ཌའི་གྲོས་ཚོགས་གོང་མའི་འཐུས་མི་ཐཱན་ཧའེ་ངོ་ལགས་ཀྱིས་བོད་མིའི་དཀའ་ངལ་སེལ་ཐབས་སུ་ཁ་ན་ཌ་གཞུང་ནས་བློ་སྤོབས་ཆེན་པོའི་ཐག་གཅོད་ནན་མོ་གནང་དགོས་སྐོར་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༡༤ ཉིན། ཁ་ན་ཌའི་གྲོས་ཚོགས་གོང་མའི་ནང་འཐུས་མི་ཐཱན་ཧའེ་ངོ་(Thanh Hai Ngo)ལགས་ཀྱིས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༣ ཉིན་ངས་བོད་དོན་ཐོག་སྐད་ཆ་བཤད་པ་ནས་བཟུང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་མ་ཕྱིན་པ་དེར་ང་རང་བློ་ཕམ་ཆེན་པོ་བྱུང་།  ཁ་ན་ཌའི་ནང་མུ་མཐུད་སྲུང་སྐྱོབ་བྱེད་བཞིན་པའི་སྨྲ་བརྗོད་དང་ཆོས་དད་རང་དབང་། འགྲོ་སྐྱོད་ཚུད་པའི་གཞི་རྩའི་ཐོབ་ཐང་ཁག་དང་རང་དབང་རྣམས་བོད་རང་སྐྱོང་ལྗོངས་ཟེར་བ་དང་། བོད་རིགས་འདུས་སྡོད་ཁུལ་གྱི་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་གཞི་རྩའི་ཐོབ་ཐང་དེ་དག་བཀག་འགོག་བྱེད་ཀྱི་ཡོད་པས་བོད་མི་ཚོས་མནར་གཅོད་མྱོང་བཞིན་པ་རེད། ང་ཚོ་ཁ་ན་ཌའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཁུ་སིམ་མེར་སྡོད་ཐབས་མེད་པར་ང་ཚོའི་གཞུང་ངོས་ནས་བོད་དོན་ཐོག་ཕྱག་ལས་གནང་བའི་དུས་ལ་བབས་ཡོད་པ་རེད། ཅེས་གསུངས་འདུག

ཡང་ཁོང་གིས་ཁ་ན་ཌ་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ངོས་འཛིན་གནང་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་ ༡༠ མཆོག་གི་ཡང་སྲིད་འཁྲུལ་བྲལ་ཡིན་པ་གཞུང་ནས་ངོས་འཛིན་གནང་དགོས་སྐོར་དང་། གྲོས་ཚོགས་ནང་ཁ་ན་ཌའི་གཞུང་ནས་བོད་མིའི་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། བོད་མིའི་གནད་དོན་སེལ་ཐབས་སུ་ཁ་ན་ཌ་གཞུང་ནས་བློ་སྤོབས་ཆེན་པོའི་ཐག་གཅོད་ནན་མོ་གནང་དགོས་པ། དེ་བཞིན་ཁ་ན་ཌ་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་བོད་ནང་གི་བོད་མིའི་རང་དབང་ཐད་ནུས་པ་ཤུགས་ཆེན་འདོན་ཐུབ་སྐོར་སོགས་གསུངས་འདུག

བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་སློང་དགོས་སྐོར་ཁོང་གིས། ཁ་ན་ཌ་གཞུང་ནས་རྒྱ་ནག་དང་ཚོང་འབྲེལ་ལས་དོན་ཐོག་སྔར་ལྷག་ཤུགས་རྒྱག་གི་ཡོད་པའི་དུས་སྐབས་འདིར། རྒྱལ་སྤྱིའི་ཚོགས་འདུ་དང་རྒྱལ་ཁབ་གཉིས་བར་ཀྱི་ཚོགས་འདུ་ཁག་གི་སྐབས། ཕྱོགས་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་ཚོས་ངེས་པར་དུ་བོད་མིའི་རང་དབང་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ལ་གླེང་སློང་བྱེད་རྒྱུ་གལ་ཆེན་ཡིན་པ་རེད། ཅེས་གསུངས་འདུག

ཁོང་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་གྲོས་ཚོགས་གོང་མའི་ནང་བཏོན་པའི་གྲོས་འཆར་དོན་ཚན་ ༤ ཅན་དེ་སླར་ཡང་བཏོན་ཡོད་པ་དང་། དོན་ཚན་བཞི་སྟེ་གཅིག་ཁ་ན་ཌའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་ནས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ། གཉིས་རྒྱ་ནག་ལ་བོད་མིའི་སྐད་ཡིག་དང་འགྲོ་སྐྱོད་ཀྱི་ཐོབ་ཐང་།  དེ་བཞིན་བོད་མིའི་ཆོས་དད་དང་བསམ་བློ་རང་དབང་སོགས་ལ་གུས་བརྩི་བྱེད་པ། གསུམ་གང་བྱུང་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་པ། བཞི་ཁ་ན་ཌའི་ཕྱི་འབྲེལ་མི་སྣ་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་དགོས་པ་བཅས་རེད་འདུག

གྲོས་ཚོགས་འཐུས་མི་ཐཱན་ཧའེ་ངོ་ (Thanh Hai Ngo) ལགས་ནི་ཕྱི་ལོ་ ༡༩༤༧ ལོར་ཝེ་ཐི་ནམ་ནང་སྐྱེས་ཤིང་། ཝེ་ཐི་ནམ་ནང་དམག་ཞབས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༧༥ ལོར་ཁ་ན་ཌར་གནས་སྤོ་བྱས་ཏེ་ཨོ་ཌ་ཝ་གཙུག་ལག་སློབ་གཉེར་ཁང་ (University of Ottawa) གི་ནང་སློབ་གཉེར་གནང་ཡོད་འདུག་ལ།  ཕྱི་ལོ་ ༢༠༡༢ ལོར་ཁོང་གྲོས་ཚོགས་གོང་མའི་འཐུས་མིར་ཐད་་བསྐོས་བྱུང་སྟེ། ཁ་ན་ཌའི་ནང་ཝེ་ཐི་ནམ་གྱི་མི་རིགས་ཡིན་པ་ཞིག་གྲོས་ཚོགས་གོང་མའི་འཐུས་མིར་གྱུར་པ་ཐོག་མ་དེ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༡༦

Leave a Reply

One thought on “ཁ་ན་ཌ་གཞུང་གིས་བོད་དོན་ཐོག་ཕྱག་ལས་གནང་བའི་དུས་ལ་བབས་འདུག

  1. གཞུང་པ་ཚེ་དབང་བསོད་ནམའ་

    ནུབ་ཕྱོགས་རྒྱལ་ཁབ་ཚོའི་བོད་དོན་ཐོག་དོ་སྣང་དང་འགན་ཁུར་
    གནང་བ་བཀྲིན་ཆེ་འོན་ཀྱང་ང་ཚོ་བོད་མི་བཙན་བྱོལ་བའི་བྱེད་
    སྟངས་དང་ལས་སྟངས་ལ་བལྟས་ན་བ་དེ་ཉལ་སྟངས་ལ་བལྟས་
    ན་བེའུ་སྐོ་ཀྱོག་ཞིག་ཡིན་པ་ཐག་ཆོད་ཟེར་བའི་དཔེ་དང་འདྲ་མི་འདུག་གམ།