༧པཎ་ཆེན་རིན་པོ་ཆེ་འཚོལ་བའི་ལས་འགུལ་སྤེལ། 

༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་ཉིན་མོ་དང་བསྟུན་རྒྱ་གར་ལྷོ་ཕྱོགས་སུ་ལས་འགུལ་སྤེལ་གྱི་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༨:༣༥ ཙམ་གྱི་སྟེང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་པའི་ཉིན་མོ་དང་བསྟུན།  རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པ་ནས་མགོ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེ་སོར་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེ་རིང་ཕྱི་དྲོར་མེ་སོར་གྲོང་ཁྱེར་ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་མེ་སོར་སློབ་ཕྲུག་ཚོགས་པ་གཉིས་ནས་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གོ་སྒྲིག་བྱེད་ཀྱི་ཡོད་འདུག་ལ། ད་ལན་གྱི་ལས་འགུལ་ནང་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་དང་ཧོན་སུར་རབ་རྒྱས་གླིང་། སྦེལ་ཀོབ་བཅས་ནས་མི་གྲངས་ ༤༤ ཙམ་མཉམ་ཞུགས་གནང་ཡོད་འདུག

དེ་ཡང་ལས་འགུལ་མགོ་འཛུགས་ཀྱི་ཐོག་མར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྒྲོག་སྦྱངས་གནང་བའི་ནང་།  རྒྱ་ནག་གཞུང་གིས་ད་བར་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་སྐོར་ལ་ཡང་དག་པའི་ལན་འདེབས་མ་བྱས་པར་བརྟེན། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་བྱ་བྲལ་རིན་པོ་ཆེ། ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པར་སྐྱེ་བོ་ཀུན་དང་མཚུངས་པའི་རང་དབང་དང་། ལྷག་དོན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་༧པཎ་ཆེན་སྐུ་འཕྲེང་རིམ་བྱོན་གྱི་མཛད་པ་སྐྱོང་བའི་ཐོབ་ཐང་དང་གོ་སྐབས་སྤྲོད་དགོས་པ་དང་། དེ་བཞིན་རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་རྟོག་ཞིབ་ཆེད་གཏོང་དགོས་པ་དང་། ཉེ་ལམ་སེར་ཤུལ་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་བའི་སྨོན་ཚིག་བསྒྲགས་པ་དང་ཕྱི་ཕྱོགས་ལ་གནས་ཚུལ་སྤེལ་བའི་ཉེས་མིང་འོག  བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་མི་གཉིས་ལ་ཉེས་ཆད་བཏང་བ་རྣམས་གང་མྱུར་ཀློད་གྲོལ་དགོས་སྐོར་བརྗོད་འདུག

དེ་བཞིན་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་ངོས་ནས་ཀྱང་དེ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་གནང་བའི་ནང་། ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ནང་གི་བོད་མི་ཚོར་ང་ཚོ་བཙན་བྱོལ་བོད་མི་ཚོས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ནམ་ཡང་བརྗེད་མེད་པའི་བརྡ་ལན་དང་། ས་གནས་རྒྱ་གར་ཡུལ་མིའི་ནང་༧པཎ་ཆེན་རིན་པོ་ཆེའི་སྐོར་གོ་རྟོགས་ཡོང་རྒྱུ་མ་ཟད། ཡང་སྒོས་ལྷོ་ཕྱོགས་སུ་ཡོད་པའི་བོད་རིགས་གཞོན་སྐྱེས་དང་མང་ཚོགས་ལ་དོ་སྣང་དང་གོ་རྟོགས་སྤེལ་ཆེད་དུ་ཡིན་སྐོར་གསུངས་འདུག

གཞན་ཡང་། དེ་རིང་སྔ་དྲོར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ས་གནས་གཞོན་ནུ་ལྷན་ཚོགས་དང་། མེ་སོར་བོད་རིགས་སློབ་མའི་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས་སོགས་ཚོགས་པ་ ༦ གིས་མངའ་སྡེའི་མེ་སོར་རྒྱལ་ཁང་མདུན་ཐང་ནས་རྫོང་དཔོན་ལས་ཁུངས་བར་དུ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་དགོས་འདུན་འོག་མི་གྲངས་ ༢༠༠ ལྷག་གིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། འབྲེལ་ཡོད་རྫོང་དཔོན་བརྒྱུད་རྒྱ་གར་སྲིད་བློན་མུ་དྷི་མཆོག་གི་མཚན་ཐོག་ཏུ་སྙན་ཞུ་ཞིག་ཕུལ་གྱི་ཡོད་འདུག

སྲིད་བློན་མུ་དྷི་མཆོག་ལ་ཕུལ་བའི་ཞུ་ཡིག་དེའི་ནང་། བཀུར་འོས་སྲིད་བློན་མུ་དྷི་མཆོག་ལ་ཞུ་སྙིང་ནི། དེ་རིང་ང་ཚོ་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་ཡིད་སེམས་སྐྱོ་བོའི་ངང་ནས་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གི་དཔོན་རིགས་ཚོས། ༧་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་པ་དྲན་གསོ་ཞུ་བཞིན་ཡོད། སྐབས་དེར་༧པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ལས་བཞེས་མེད་པ་དང་། ད་ལྟའི་ཆར་ཁོང་དགུང་གྲངས་ ༣༠ ཕེབས་ཡོད་ན་ཡང་། ཁོང་སྐུ་འཚོ་བཞུགས་ཡིན་མིན་དང་གནས་གང་དུ་ཡོད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་མི་ལོ་ ༢༤ ཕྱིན་ཡོད་པ་རེད། གནས་སྟངས་དེའི་ཐད་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་ལྷན་ཚོགས་དང་ཉེས་རྡུང་མནར་གཅོད་ལྷན་ཚོགས། དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པ་མང་པོས་རྒྱ་ནག་གཞུང་ལ་ཡང་ཡང་འབོད་སྐུལ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཙོའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་ཁག་གིས་ཀྱང་རྒྱ་ནག་གཞུང་ལ་ཁོང་ཀློད་གྲོལ་དང་། གནས་ཚུལ་ཤེས་རྟོགས་བྱུང་དུ་འཇུག་དགོས་པའི་འབོད་སྐུལ་རིམ་པར་བྱས་ཡོད་ཀྱང་། ལོ་ངོ་དེ་དག་གི་རིང་རྒྱ་ནག་གཞུང་ཁུ་སིམ་མེར་བསྡད་ཡོད། ཅེས་བརྗོད་འདུག

ཡང་ཞུ་ཡིག་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རིན་པོ་ཆེ་མཆོག་གི་འཕྲོད་བསྟེན་དང་བདེ་འཇགས། ཆོས་ལུགས་སློབ་གཉེར་སོགས་ཀྱི་ཐད་སེམས་འཚབ་དང་དོགས་པ་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་བའི་༧པཎ་ཆེན་ཡང་སྲིད་རིན་པོ་ཆེའི་ཚབ་ཏུ་ཁོ་རང་ཚོས་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་བསྐོ་བཞག་བྱས་ཡོད་པ་དང་། གནད་དོན་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་རིག་གནས་དང་ལོ་རྒྱུས། གོམས་སྲོལ་སོགས་ལ་གུས་བརྩི་མ་བྱས་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་བོད་མི་ ༡༦༠ ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནང་ཕྱིར་ཕེབས་དགོས་པའི་མངོན་འདོད་འོག་རང་ལུས་མེར་བསྲེགས་གནང་ཡོད་སྟབས། ང་ཚོས་སྐུ་ཉིད་ལ་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོའི་བོད་ནང་གི་བཙོན་པ་ཚོ་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་བའི་རེ་བ་ཞུ་བཞིན་ཡོད། ཅེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༡༧

Leave a Reply