༧པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་གཏོང་རྒྱུ་དེ་ཅི་ཙམ་གལ་འགངས་ཆེན་པོ་རེད།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་བགྲོ་གླེང་སྐབས་༧པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་གཏང་བ་ཡིན་ན་བོད་ཙམ་མ་ཟད་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོད་སྐོར་བརྗོད་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་སའི་བོད་ཀྱི་གསོལ་མགྲོན་ཁང་དུ། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་ཏེ་ལོ་ངོ་ཧྲིལ་པོ་ ༢༤ འཁོར་བའི་ཉིན་མོ་དང་བསྟུན། དྷ་སར་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་བཅས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་སྐུ་ཚབ་ལྷན་འཛོམས་ཐོག ༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཀློད་གྲོལ་གཏོང་རྒྱུ་དེ་ནི། ད་ལྟའི་བོད་ཀྱི་སྤྱི་ཚོགས་ཆབ་སྲིད་དང་། ཆོས་ལུགས་གནས་བབ་ལ་གལ་འགངས་ཅི་ཙམ་ཆེ་བའི་སྐོར་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གནང་སོང་།

མཛད་སྒོའི་ཐོག་མར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། བུད་མེད་ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་སྐུ་འཚོ་བཞུགས་ཡོད་མེད་དང་། གནས་སྟངས་གང་འདྲ་ཡིན་མིན་གྱི་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུའི་རེ་བ་འཆང་གི་ཡོད་པ་དང་། ཉེ་ཆར་རྒྱ་གར་ས་ཁུལ་ལྔའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་སྐབས། རྒྱ་གར་གྱི་མགོ་འཁྲིད་དང་མི་མང་རྣམས་ཀྱིས་བོད་ཀྱི་གནད་དོན་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་པ་མ་ཟད། ༧པཎ་ཆེན་རིན་པོའི་གནད་དོན་ལྟ་བུར་མཚོན་ན། ཨ་རི་དང་ཁ་ན་ཌའི་གཞུང་བཅས་ཀྱིས་དོ་སྣང་སྔར་ལྷག་བྱེད་ཀྱི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀློད་གྲོལ་གཏོང་གི་མེད་པའི་རྒྱུ་མཚན་གཙོ་བོ་ནི། ཁོ་ཚོས་མ་འོངས་པར་༧པཎ་ཆེན་རིན་པོ་ཆེ་ཁོང་ཉིད་ལག་ཆར་བེད་སྤྱོད་བྱེད་འདོད་ཡོད་སྲིད་པའི་སྐོར་དང་། དུས་རྒྱུན་ང་ཚོས་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་སྐབས་ཚོགས་པ་རེ་རེས་ལས་འགུལ་ཆུང་ཆུང་རེ་སྤེལ་ན་དེར་འབྲས་བུ་སྨིན་རྒྱུ་ཧ་ཅང་ཁག་པོ་ཡིན་སྟབས། ཚང་མས་ཀླད་པ་དང་ནུས་པ་སྤུངས་ཏེ་ཤུགས་ཤིག་བརྒྱབ་ཚེ་དེར་འབྲས་བུ་མགྱོགས་པོར་སྨིན་སྲིད་སྐོར་སོགས་བརྗོད་སོང་།

བགྲོ་གླེང་ཐོག་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས་ལོ་བཅུའི་རིང་ལ་བོད་ཀྱི་ས་ཁུལ་ཚང་མ་ལ་ཆིབས་བསྒྱུར་བསྐྱངས་ནས་གཙོ་བོ་བཀའ་ཆོས་སོགས་གནང་མེད་པར། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཉར་ཚགས་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་སྐོར་དང་། དེ་བཞིན་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་བཙན་བཟུང་བྱས་ཏེ་ལོ་ངོ་ ༢༤ ལྷག་འཁོར་གྱི་ཡོད་པ་དང་། ད་ལྟ་ཁོང་ཉིད་གང་དུ་བཞུགས་ཡོད་མེད་དང་། ཐ་ན་ཁོང་གིས་བོད་སྐད་གཙང་མ་ཞིག་ཀྱང་གསུང་ཐུབ་ཀྱི་ཡོད་མེད་ཐེ་ཚོམ་ཡིན་སྟབས། མོ་ལུང་བརྒྱུད་ནས་༧པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་མིན་དང་ཀློད་གྲོལ་ཐུབ་མིན་ཐད་རྩད་གཅོད་བྱེད་ན་འགྲིག་མིན་དང་། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཞལ་བཞུགས་པའི་བསྐལ་བཟང་འདིར་ང་ཚོས་༧པཎ་ཆེན་རིན་པོ་ཆེ་རྒྱ་ནག་གཞུང་གིས་བཀྲོངས་པ་རང་ལ་ངོས་འཛིན་བྱས་ཏེ། ཆོས་ཕྱོགས་ཀྱི་འགྲོ་སྟངས་གཞིར་བཟུང་ཡང་སྲིད་རྩད་འཚོལ་བྱེད་རྒྱུའི་རེ་བ་ཡོད་མེད་སོགས་བརྗོད་སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་གྲགས་པ་ལགས་ཀྱིས། དུས་རྒྱུན་ང་ཚོས་ལས་འགུལ་གང་སྤེལ་ན་ཡང་འདྲ་ཆགས་ཆགས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། ལས་འགུལ་རིགས་སྤེལ་སྐབས་གཞུང་གིས་གནས་ཚུལ་གཞན་ཞིག་དང་ཚོགས་པ་ཁག་གིས་གནས་ཚུལ་གཞན་ཞིག་དྲིལ་བསྒྲགས་མ་བྱས་ན་ལེགས་ཚུལ་དང་། དེ་བཞིན་ད་ལྟའི་ཆར་ང་ཚོས་༧པཎ་ཆེན་རིན་པོ་ཆེ་གལ་འགངས་ཆེ་མིན་བརྗོད་རྒྱུ་ལས་བརྒལ་ཏེ་རིམ་པ་གཉིས་པ་སྟེ། ལས་འགུལ་གང་འདྲ་སྤེལ་དགོས་མིན་སོགས་ཀྱི་ཐོག་ལ་བགྲོ་གླེང་བྱས་ན་བཟང་བ་དང་། མ་འོངས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མཉམ་འབྲེལ་གྱི་ཐོག་ནས་ལས་འགུལ་སྤེལ་ན། དེར་ནུས་པ་དང་གདེང་འཇོག་ཀྱང་ཆེ་བ་ཡོད་སྐོར་གྱི་བསམ་ཚུལ་བརྗོད་སོང་།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕུད་བོད་མི་རིགས་འདི་ལ་༧པཎ་ཆེན་སྐུ་ཕྲེང་བཅུ་པ་བཞིན་ཆབ་དཔལ་རིག་གསུམ་གྱི་ཐད་ལ་དྲིན་ཆེ་སུ་ཡང་བྱུང་མེད་པ་དང་། ཁོང་གིས་བོད་མི་རིགས་འདིར་བཞག་གནང་བའི་མཛད་པ་འཕྲིན་ལས་ཀྱིས་ཁོང་ནི་བོད་མི་རིགས་ཀྱི་དད་མོས་ཧ་ཅང་ཆེ་བའི་བླ་མ་ཞིག་ཆགས་ཡོད་སྟབས། ད་ལྟའི་ཆབ་སྲིད་དང་ཆོས་ལུགས་ཀྱི་གནས་སྟངས་ལ་གཞིགས་ན། ༧པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་འཐོབ་རྒྱུ་དེ་གལ་ཆེ་ཤོས་ཤིག་ཡིན་པ་དང་། ༧པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་མཛད་པ་ལ་བརྟེན་ནས་ད་ལྟའི་༧པཎ་ཆེན་རིན་པོ་ཆེ་རྩ་ཆེར་གྱུར་ཡོད་སྐོར་དང་། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཀྱང་། ད་ལྟའི་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་༧པཎ་ཆེན་སྐུ་གོང་མ་ནང་བཞིན་དད་ལྡན་མི་མང་ལ་ཆོས་ཕྱོགས་སོགས་ཀྱི་མཛད་པ་བསྐྱང་ཐུབ་མེད་པ་དེ་ནི་རྒྱ་ནག་གཞུང་གི་ནག་ཉེས་ཤིག་ཡིན་པ་དང་། ༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀློད་གྲོལ་ཡོང་རྒྱུ་དེ་བོད་ཙམ་དུ་མ་ཟད་འཛམ་གླིང་ཡོངས་ལ་ཕན་གྱི་ཡོད་སྐོར་བརྗོད་སོང་།

བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས། ༧པཎ་ཆེན་རིན་པོ་ཆེའི་གནད་དོན་ལྟ་བུར་མཚོན་ན་ཚང་མས་མོས་མཐུན་གཅིག་མཚུངས་བྱེད་ཀྱི་ཡོད་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མཉམ་འབྲེལ་གྱི་ཐོག་ནས་ཟུར་དུ་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ནས་གོ་རིམ་དང་དམིགས་ཚད་ཡོད་པའི་ལོ་གཅིག་གི་ལས་འགུལ་ཞིག་བརྩམ་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཀྱང་དོ་སྣང་ཆེ་བ་བྱེད་སྲིད་སྐོར་བརྗོད་སོང་།

མཐའ་མཇུག་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་བསྟན་འཛིན་ལྷ་མཛེས་ལགས་དང་། བསྟན་འཛིན་ལུང་རྟོགས་ལགས་གཉིས་ཀྱིས། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་བཟུང་བྱས་ཏེ། རང་གི་འདོད་མོས་ལྟར་གྱི་༧པཎ་ཆེན་རིན་པོ་ཆེ་ཞིག་བསྐོ་བཞག་དགོས་པའི་རྒྱུ་མཚན་གཙོ་བོ་དེ། ཁོ་ཚོས་བསྐོས་པའི་༧པཎ་ཆེན་རིན་པོ་ཆེ་དེས་མ་འོངས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་རྩད་གཅོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་དང་། ཆབ་སྲིད་ཐོག་ནས་བཤད་ནའང་ད་ལྟའི་ཆར་བོད་རྒྱའི་བར་ཞི་བའི་གྲོས་མོལ་བྱུང་གི་མེད་ཀྱང་། གལ་ཏེ་༧པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་བྱུང་ཚེ་བོད་རྒྱའི་ཞི་མོལ་ཡོང་རྒྱུའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༥/༡༧

Leave a Reply

2 thoughts on “༧པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་གཏོང་རྒྱུ་དེ་ཅི་ཙམ་གལ་འགངས་ཆེན་པོ་རེད།

  1. གོང་ས་མཆོག་གི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཞལ་བཞུགས་ཡོད་པ་གནས་ཚུལ་ཞིག་འབྱོར་ཡོང་གི་འདུག་ཞེས་གསུང་པ་མ་ཤེས་པ་ཡིན་ནམ།ད་དུང་དགོངས་པ་རྫོགས་ཚུལ་བཤད་དགོས་པ་ཅི་ཞིག་གི་ལྟ་གྲུབ་རེད།

  2. བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་་པ་གཉིས་ཀྱི་སྐུ་ཚབ་མེད་པ་རྒྱུ་རྐྱེན་གང་རེད།