ནང་པའི་དགོན་པ་ཚོས་དོགས་ཟོན་གནང་རོགས།

བོད་ཚེས་ ༡༥ དང་བསྟུན་བུད་མེད་དྲག་སྤྱོད་པ་ཞིག་གིས་ནང་པའི་དགོན་པ་དང་ཡང་ན་ལྷ་ཁང་ལ་གཏོར་རྒོལ་གཏོང་ཉེན་འདུག་པས་དོགས་ཟོན་དགོས་པའི་ཛ་དྲག་ཉེན་བརྡ་བཏང་འདུག

ཁ་སང་བོད་མིའི་སྒྲིགས་འཛུགས་ཆོས་རིག་ལས་ཁུངས་ཀྱི་ངོ་དེབ་ཐོག་ཛ་དྲག་ཉེན་བརྡ་ཞིག་བཏང་སྟེ། རྒྱ་གར་དབུས་གསང་བའི་ལས་ཁུངས་ནས་ཛ་དྲག་གི་ཉེན་བརྡ་ཞིག་བཏང་སྟེ། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཏེ་བོད་ཚེས་ ༡༥ ཉིན། རྒྱ་གར་གྱི་ནུབ་བྷིང་གྷལ་ (West Bengal) ཁུལ་དུ་བུད་མེད་འཇིགས་སྐུལ་དྲག་སྤྱོད་པ་ཞིག་གིས། ནང་པའི་དགོན་སྡེ་ཁག་ལ་ཆེད་དམིགས་ཀྱིས་འབར་གས་དོན་རྐྱེན་སློང་འཆར་ཡོད་པས་དོགས་ཟོན་དང་གྲ་སྒྲིག་དགོས་སྐོར་གསུངས་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་སུ། ཆོས་རིག་ལས་ཁུངས་ནས་བོད་གྱི་དགོན་སྡེ་ཁག་ལ་ཛ་དྲག་ཉེན་བརྡ་དེ་བཏང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། གནས་ཚུལ་དེ་ང་ཚོར་མཚན་གུང་ཞིག་ལ་རག་བྱུང་བས་ཡོངས་ཁྱབ་ཡོང་ཆེད་དེ་མ་ཐག་ཏུ་ཆོས་རིག་ལས་ཁུངས་ཀྱི་ངོ་དེབ་ཐོག་སྤེལ་བ་ཡིན་ལ། འབྲེལ་ཡོད་ལས་བྱེད་ལ་ས་གནས་མགོ་འཛིན་ལས་ཁུངས་སུ་བརྡ་ཁྱབ་གཏོང་རོགས་ཞེས་ཞུས་ཡོད་སྐོར་གསུངས་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་གསར་ཁང་ (India.com) དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ཞིག་གི་ནང་། བྷང་ལཱ་ཌི་ཤིའི་དྲག་སྤྱོད་ཚོགས་པའམ་ (Jamaat-ul-Mujahideen Bangladesh) ཡང་ན་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) ནས་ཡིན་པའི་བུད་མེད་ཅིག་གིས། སྤྲུམ་མར་བརྫུས་ནས་ཡུལ་དེའི་ནང་པའི་དགོན་པའམ་ལྷ་ཁང་ཞིག་ལ་ཆེད་དམིགས་ཀྱིས་དྲག་སྤྱོད་སྤེལ་སྲིད་པའི་ཛ་དྲག་གི་ཉེན་བརྡ་བཏང་ཡོད་པ་དང་། མངའ་སྡེའི་ཉེན་རྟོག་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་ཤིག་གིས་གྲོང་ཁྱེར་ཁག་གི་ལྷ་ཁང་དང་དགོན་སྡེ་ཁག་གི་ཕྱི་ལ་ལྟ་རྟོག་ཤུགས་ཆེ་རུ་བཏང་སྟེ། དོན་རྐྱེན་སྔོན་འགོག་ལ་གྲ་སྒྲིག་ཡོད་སྐོར་བརྗོད་ཡོད་པ་བཀོད་འདུག

འདས་ལོའི་ཕྱི་ཟླ་ ༡ པོའི་ནང་ནང་བའི་གནས་མཆོག་རྡོ་རྗེ་གདན་དུ་འགད་རྫས་བཞག་པའི་གནས་ཚུལ་ཞིག་བྱུང་རྗེས། རྒྱ་གར་དབུས་ཉེན་རྟོག་ཁང་དང་ས་གནས་ཉེན་རྟོག་ཁང་མཉམ་འབྲེལ་གྱིས་ཞིབ་འཇུག་བྱས་ཏེ། དྲག་སྤྱོད་དེའི་རྒྱབ་ན་བྷང་ལཱ་ཌི་ཤིའི་དྲག་སྤྱོད་ཚོགས་པ་ (Jamaat-ul-Mujahideen Bangladesh) ཡོད་སྐོར་བརྗོད་ཡོད་པ་མ་ཟད། འབྲེལ་ཡོད་ཉེས་ཅན་ ༢ འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་སྐབས། ཁོ་གཉིས་ཀྱིས་འགད་རྫས་འཇོག་དགོས་དོན་ནི། འབར་མའི་རོ་ཧིན་གྷ་ཡའི་ཁ་ཆེ་བ་ཚོར་ནང་པ་གཞུང་གིས་དྲག་གནོན་བྱས་པ་དེར་འཁོན་ལན་སློག་ཆེད་རྡོ་རྗེ་གདན་དུ་འགད་རྫས་ ༨ འཇོག་པའི་འཆར་གཞི་བསྒྲིགས་པ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༡༨

Leave a Reply

2 thoughts on “ནང་པའི་དགོན་པ་ཚོས་དོགས་ཟོན་གནང་རོགས།

  1. སྔོན་འགོག་ཆེད་གྲ་སྒྲིགས་དང་དོགས་ཟོན་བྱེད་པ་སྐྱོན་གང་ཡང་མེད་པས་གནས་ཡུལ་གཞུང་ལ་ཡིད་རང་དང་དགོན་སྡེ་ཁག་གི་འགན་ཁུར་བ་རྣམ་པས་ཡིད་ཟབ་དགོས་རྒྱུ་གལ་ཆེ།

  2. གཞུང་པ་ཚེ་དབང་བསོད་ནམའ་

    རྒྱ་གར་གསང་བའི་ལས་ཁུངས་ནས་ཉེན་ཁ་ཡོད་པ་མཐོང་གི་ཡོད་ན་ཉེན་བརྡ་བཏང་ནས་
    མ་བཞུགས་པར་ཉེན་ཁ་བཟོ་མཁན་ལ་དོ་དམ་མི་བྱེད་པ་གང་ཡིན་ནམ་ཧཧ