༧གོང་ས་མཆོག་ཨུ་རུ་སུའི་ནང་ཕེབས་རྒྱུར་བཀག་འགོག་མེད།

ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཏཱ་ལའི་བླ་མ་མཆོག་ཨུ་རུ་སུའི་ས་ཆ་གང་དུ་ཕེབས་ནའང་བཀག་འགོག་མེད་ཀྱང་ཡུལ་དེའི་ནང་ནང་པ་ཧ་ཅང་མང་པོ་ཡོད་པ་མ་རེད་ཅེས་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༡༦ ཉིན། ཨུ་རུ་སུའི་གསར་ཁང་ཆེ་ཤོས་(Tass)ཡིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་རྒྱལ་ཡོངས་མི་མང་ལས་འགུལ་ཚོགས་པས(All Russia people’s front)གོ་སྒྲིག་འོག་བདེན་པ་དང་དྲང་བདེན(Truth and Justice)ཞེས་པའི་གསར་འགོད་པའི་ལྷན་ཚོགས་ཤིག་གི་ཐོག ཁལ་མུག་གི་ལས་འགུལ་བ་ཞིག་གིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལ་མ་འོངས་པར་ཏཱ་ལའི་བླ་མ་མཆོག་ཨུ་རུ་སུའི་ནང་དུ་ཕེབས་ཐུབ་མིན་སྐོར་དྲིས་པར། པུ་ཊིན་གྱིས་ཏཱ་ལའི་བླ་མ་ཨུ་རུ་སུའི་ས་ཆ་གང་དུ་ཕེབས་ཀྱང་བཀག་འགོག་མེད་ཅེས་གསུངས་འདུག

དེ་ཡང་སྲིད་འཛིན་པུ་ཊིན་གྱིས་གསར་འགོད་པར། ཨུ་རུ་སུ་རྒྱལ་ཁབ་ཀྱི་དཔོན་རིགས་ཚོས་ཆོས་ལུགས་མི་འདྲ་བར་དབྱེ་འབྱེད་བྱེད་ཀྱི་མེད་སྐོར་བརྗོད་པ་དང་འབྲེལ། འཛམ་གླིང་གི་རྒྱལ་ཁབ་ཁ་ཤས་ནང་ནང་པའི་རྗེས་འཇུག་པ་མི་འབོར་མང་པོ་ཡོད་པ་དང་།  ཁོང་ཚོ་དང་ཏཱ་ལའི་བླ་མའི་བར་གྱི་འབྲེལ་ལམ་ཡག་པོ་ཡོད་པ་བཤད་མི་ཐུབ་ནའང་། མ་འོངས་པར་ང་ཚོའི་དེའི་སྐོར་ལ་བསམ་བློ་གཏང་གི་ཡིན། ཏཱ་ལའི་བླ་མ་ཨུ་རུ་སུའི་རྒྱལ་ཁབ་ནང་ཕེབས་པར་བཀག་འགོག་མེད་ན་ཡང་ཨུ་རུ་སུའི་ནང་ནང་པའི་རྗེས་འཇུག་པ་ཧ་ཅང་མང་པོ་མེད་པ་རེད། ཅེས་གསུངས་འདུག

ཕྱི་ལོ་ ༢༠༡༢ ལོར་ཨུ་རུ་སུའི་རྒྱལ་ཡོངས་ན་གཞོན་དཔྱད་གླེང་ཚོགས་འདུ་ཞིག་གི་སྟེང་། གསར་འགོད་པ་ཞིག་གིས་སྲིད་འཛིན་པུ་ཊིན་ལ་ཁལ་མུག་མི་མང་ནས་ཏཱ་ལའི་བླ་མ་མཆོག་ཡུལ་དེར་ཆིབས་བསྒྱུར་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་ལྟར། མ་འོངས་པར་ཏཱ་ལའི་བླ་མ་མཆོག་ཡུལ་དེར་ཕེབས་ཐུབ་མིན་དྲིས་པར། སྲིད་འཛིན་པུ་ཊིན་གྱིས་ཁལ་མུག་མི་མང་གིས། འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཏཱ་ལའི་བླ་མ་མཆོག་ཨུ་རུ་སུར་ཕེབས་རྒྱུར་རེ་བ་གནང་བཞིན་པ་ཤེས་ཚོར་བྱུང་ཡོད་པ་དང་། ཁོ་ཚོས་དེའི་ཕྱོགས་སུ་འབད་བརྩོན་གྱིས་གོམ་ཁ་སྒྱུར་བཞིན་ཡོད་པ་དང་།  དེ་སྔོན་ཏཱ་ལའི་བླ་མ་ཨུ་རུ་སུའི་ནང་ཕེབས་མ་ཐུབ་པ་ནི་རྒྱལ་སྤྱིའི་སྒང་ཏཱ་ལའི་བླ་མའི་གོ་བབ་དེ་ཆོས་ལུགས་ཀྱི་དབུ་ཁྲིད་ཁོ་ན་ཞིག་མ་ཡིན་པར། ཆབ་སྲིད་མི་སྣར་ངོས་འཛིན་བྱེད་བཞིན་པའི་རྐྱེན་གྱིས་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཡང་གསར་འགྱུར་དེའི་ནང་སྔར་ལོའི་ཕྱི་ཟླ་ ༡༡ པའི་ནང་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཕེབས་སྐབས། པེ་ཅིན་ཕྱོགས་ནས་སོག་པོར་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་པ་དང་། དེ་བཞིན་དུས་རྒྱུན་རྒྱ་ནག་ཕྱི་སྲིད་ལྷན་ཁང་ནས་རྒྱ་གར་གཞུང་ལ་ཏཱ་ལའི་བླ་མ་མཆོག་བེད་སྤྱོད་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཡོང་གཞི་མཚམས་འཇོག་དགོས་པའི་ཉེན་བརྡ་སོགས་གཏོང་གི་ཡོད་པའི་སྐོར་བཀོད་འདུག

ཨུ་རུ་སུའི་ལྷོ་ཕྱོགས་སུ་ཡོད་པའི་ཁལ་མུག་དང་། ཐོ་བ་དང་བྷོ་རུ་ཡ་སོགས་ཀྱི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཁུལ་དེའི་ནང་སྔ་རྗེས་ཐེངས་ ༨ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་འབྲེལ་མཛད་ཡོད་པ་དང་། དེ་བཞིན་ཡུལ་དེ་དག་གི་དད་ལྡན་རྣམས་བཞུགས་སྒར་དྷ་རམ་ས་ལར་བཅར་ཏེ་གསུང་ཆོས་ཐེངས་མང་ཞུས་ཡོད་པ་རེད།

ཐོག་མར་ཕྱི་ལོ་ ༡༩༩༤ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨུ་རུ་སུའི་ནང་ཆིབས་བསྒྱུར་བསྐྱངས་ཏེ། ཡུལ་དེའི་གྲོས་ཚོགས་འོག་མ་(State Duma)ནང་བཀའ་སློབ་གསུང་བཤད་གནང་བ་སོགས་མཛད་འཕྲིན་བསྐྱངས་ཡོད་ཀྱང་། ཕྱི་ལོ་ ༡༩༩༦ ལོར་ཨུ་རུ་སུའི་སྲིད་འཛིན་ཟུར་པ་ཡེལ་སིན་(Boris Yeltsin) རྒྱ་ནག་ནང་ཕྱིན་ཏེ། རྒྱལ་ཁབ་གཉིས་བར་འཐབ་གྲོགས་ཀྱི་འབྲེལ་བ་བཙུགས་རྗེས་ཨུ་རུ་སུ་གཞུང་གིས་འཛེམས་ཟོན་བྱེད་མགོ་བཙུགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༡༨

Leave a Reply