ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་ཕེབས།

པེ་ཅིན་དུ་གནས་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་བྷ་རན་སི་ཊ་ཌི་ལགས་ཀྱིས་བདུན་ཕྲག་གཅིག་རིང་མཚོ་སྔོན་དང་བོད་རང་སྐྱོང་ལྗོངས་ནང་གཟིགས་སྐོར་གནང་གི་ཡོད་འདུགཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་བྷ་རན་སི་ཊ་ཌི་ (Terry Branstad) ལགས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉིན་ ༧ རིང་གཞུང་འབྲེལ་གཟིགས་སྐོར་མགོ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་གཟིགས་སྐོར་སྐབས་མཚོ་སྔོན་དང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཚོར་ཐུག་འཕྲད་དང་། ཆོས་དང་རིག་གཞུང་གི་ལྟེ་གནས་དང་སློབ་གྲྭ་ཁག་ཅིག་ལ་གཟིགས་སྐོར་གནང་གི་ཡོད་སྐོར་བསྒྲགས་འདུག

པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་དེའི་སྐོར་ལ་བསྒྲགས་གཏམ་ཞིག་སྤེལ་པའི་ནང་། ཨ་རིའི་གཞུང་ཚབ་པའི་ཐེངས་འདིའི་གཟིགས་སྐོར་ནི། ས་གནས་མགོ་ཁྲིད་ཚོ་ལྷན་དུ་ཆོས་དད་རང་དབང་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་ཐད་ཡུན་རིང་དམ་དྲག་བྱེད་བཞིན་པའི་གནད་དོན་གླེང་སློང་ཡོང་བའི་གོ་སྐབས་ཤིག་ཡིན་པ་དང་། གཞུང་ཚབ་ཆེན་མོས་བོད་ནང་ཕེབས་པའི་གོ་སྐབས་བྱུང་བར་དགའ་བསུ་དང་སྦྲགས། ས་གནས་དཔོན་རིགས་ཚོས་ཨ་རིའི་མི་སེར་ཚང་མ་བོད་ནང་རང་དབང་གིས་འགྲོ་སྐྱོད་བྱེད་དུ་འཇུག་དགོས་པའི་སྐུལ་མ་གནང་རྒྱུ་ཡིན་སྐོར་བརྗོད་འདུག

དེ་རིང་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ལོའུ་ཁང་ (Lu Kang) གིས། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་ཆེན་མོའི་གཟིགས་སྐོར་ལ་དགའ་བསུ་བྱས་ཡོད་པ་དང་། བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་ ༦༠ ཕྱིན་པའི་འགྱུར་བ་ཆེན་པོ་ཞིག་མཐོང་རྒྱུ་ཡིན་པ་དང་། གཞུང་ཚབ་ཆེན་མོས་ཕྱོགས་ཞེན་མེད་པའི་ཐོག་ནས་གཟིགས་སྐོར་འདི་ལ་རང་ཉིད་ཀྱིས་མཐའ་བསྡོམས་ཤིག་བརྒྱབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ལྷག་པར་དུ་བོད་མིའི་རིག་གཞུང་དང་ཆོས། གནའ་ཤུལ་དང་ལོ་རྒྱུས་སྲུང་སྐྱོབ་ཀྱི་དོན་དངོས་ལ་བརྩི་བཀུར་དང་། ཕྱོགས་གཉིས་བར་ཡུན་རིང་ནས་གནས་པའི་དཀྲོག་གཏམ་དང་འཆལ་གཏམ་སོགས་ལ་མགོ་མ་འཁོར་བ་དང་ཤུགས་རྐྱེན་མ་ཐེབས་པར་རང་ཉིད་ཀྱིས་བོད་ནང་གི་གནས་སྟངས་དངོས་ལ་མཐའ་བསྡོམས་ཤིག་བརྒྱབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུགའདས་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིའི་གཞུང་ནས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏམ་འབེབས་གནང་རྗེས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་རྒྱལ་གྱི་གནད་དོན་ཞིག་ཡིན་པས། ཨ་རི་གཞུང་གིས་དེར་ཐེ་བྱུས་བྱས་པ་ནི། ཕྱོགས་གཉིས་ཀྱི་འབྲེལ་བར་དོ་ཕོག་གཏོང་བའི་གཞི་རྩ་ཞིག་ཆགས་ཡོད་སྐོར་བརྗོད་ནས་ཁྲིམས་གཞི་དེ་རྩིས་མེད་གཏོང་དགོས་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་ཀྱི་གྲོས་ཚོགས་འཐུས་མི་ ༣༢ ཡིས་མཉམ་འབྲེལ་ཐོག་ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེའི་ (Mike Pompeo)མཆོག་གི་མཚན་ཐོག་ཏུ། བོད་དོན་རྒྱབ་སྐྱོར་སྐོར་གྱི་ཞུ་ཡིག་ཅིག་ཕུལ་ཡོད་སྐོར་ཡོངས་བསྒྲགས་གནང་བའི་ནང་། གྲོས་ཚོགས་འཐུས་མི་ ༣༢ ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་གཏན་འབེབ་བྱས་པའི་ ༢༠༠༢ ལོའི་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག(The Tibetan Policy Act of 2002) དང་། ༢༠༡༨ ལོའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་ (Reciprocal Access to Tibet Act of 2018) གཉིས་འཛིན་སྐྱོང་གི་ངོས་ནས་ལག་བསྟར་ནན་པོ་བྱེད་རྒྱུའི་དུས་ལ་བབ་ཡོད་སྐོར་ཞུས་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོར་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་མེག་བྷོ་ཁ་སི་ (Max Baucus) ལགས་བོད་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། དེ་ནས་བཟུང་ལོ་ ༤ ཙམ་རིང་ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་ཕེབས་ཐུབ་མེད་པ་རེད། ཨ་རྒྱ་གཉིས་ཀྱི་ཚོང་དམག་མགོ་བཙུགས་ཏེ་ལོ་གཅིག་ལྷག་ཕྱིན་པའི་རིང་སྔ་རྗེས་སུ་ཚོང་འབྲེལ་གྲོས་མོལ་ཐེངས་མང་བྱས་ཡོད་ཀྱང་ཕན་འབྲས་བྱུང་མེད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༠ ནས་བཟུང་ཨ་རིའི་གཞུང་ནས་རྒྱ་ནག་གི་ཚོང་ཟོག་ཨ་སྒོར་ཐེར་འབུམ་ ༥༠ ཡི་རྒྱལ་ཁྲལ་བརྒྱ་ཆ་ ༡༠ དེ་བརྒྱ་ཆ་ ༢༥ ལ་སྤར་བ་དང་། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡ ནས་ཨ་རིའི་ཚོང་ཟོག་ཨ་སྒོར་ཐེར་འབུམ་ ༦༠ ཙམ་ལ་རྒྱལ་ཁྲལ་བརྒྱ་ཆ་ ༥ ནས་ ༢༥ བར་སྤར་ཏེ། ཕྱོགས་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཛ་དྲག་ཅན་དུ་གྱུར་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༢༢

Leave a Reply