ཡུ་རོབ་འཕྲུལ་རིག་བཟོ་ཚོང་ཁང་དག་ལ་རྒྱ་ནག་གིས་བཙན་དབང་ཚོང་འབྲེལ་བྱས།

རྒྱ་ནག་གིས་ཡུ་རོབ་ཀྱི་འཕྲུལ་རིག་བཟོ་ཚོང་ཁང་དེ་ཚོར་བཙན་དབང་གིས་ཚད་མཐོའི་འཕྲུལ་རིག་ཐོན་རྫས་དབོར་འདྲེན་བྱེད་དུ་བཅུག་སྟེ་འདྲ་མཉམ་མིན་པའི་ཚོང་འབྲེལ་སྲིད་བྱུས་ཤུགས་ཆེ་ཏུ་བཏང་ཡོད་སྐོར་བརྗོད་འདུགཁ་སང་ཕྱི་ཚེས་ ༢༠ ཉིན་ཡུ་རོབ་ཚོང་པའི་མཐུན་ཚོགས་(The European Union Chamber of Commerce)ཀྱིས་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། ཚོགས་ཁོངས་ཚོང་གཉེར་ཁང་བརྒྱ་ཆའི་ ༢༠ ཙམ་ལ་རྒྱ་ནག་གཞུང་ནས་བཙན་དབང་གིས་ཚད་མཐོའི་འཕྲུལ་རིག་ཐོན་རྫས་དབོར་འདྲེན་བྱེད་དུ་བཅུག་པའི་གནས་ཚུལ་བྱུང་ཡོད་སྐོར་བསྒྲགས་འདུག

ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཆར་ལོ་ཊི་རོལ་ (Charlotte Roule) ལགས་ཀྱིས། རྒྱ་ནག་གིས་བཙན་དབང་ཐོག་ནས་ཡུ་རོབ་ཀྱི་ཚོང་ལས་ཁང་དེ་ཚོར་ཚད་མཐོའི་འཕྲུལ་རིག་ཐོན་རྫས་རྒྱ་ནག་ནང་དབོར་འདྲེན་བྱེད་དུ་འཇུག་གི་ཡོད་པ་མ་ཟད། ལོ་གཉིས་ཀྱི་སྔོན་དང་བསྡུར་ན། དབོར་འདྲེན་བྱེད་དུ་བཅུག་པའི་ཐོན་རྫས་ལྡབ་གཅིག་གིས་མང་དུ་ཕྱིན་ཡོད་པ་དང་། གནད་དོན་དེ་བྱུང་བར་རྒྱུ་མཚན་མང་པོ་ཡོད་ངེས་ཀྱང་རྒྱ་ནག་ལྟ་བུའི་གསར་གཏོད་རང་བཞིན་དང་ཡར་རྒྱས་ཅན་གྱི་ཁྲོམ་རའི་ནང་གནད་དོན་འདི་འདྲ་བྱུང་བ་ནི་ངོས་ལེན་བྱ་ཐབས་མེད་པ་ཞིག་རེད་ཅེས་བརྗོད་འདུག

ལོ་འཁོར་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་ཕྱིའི་བཟོ་ཚོང་ཁང་ཚོར་བཟུང་བའི་སྲིད་བྱུས་དེ་ད་ལྟའང་མུ་མཐུད་ལག་བསྟར་བྱེད་ཀྱི་ཡོད་པ་དང་། སྲིད་བྱུས་དེ་ལོ་ ༢ ཙམ་སྔོན་ནས་ལག་བསྟར་མགོ་འཛུགས་བྱས་ཡོད་སྐོར་དང། ཡུ་རོབ་ཀྱི་བཟོ་ཚོང་ཁང་ ༥༨༥ ཙམ་གྱིས་སྙན་ཐོ་དེའི་ནང་ཆ་ཤས་བླངས་ཡོད་པ་དང་། རྒྱལ་ཁྲལ་སྤར་བའི་རྐྱེན་གྱིས་བཟོ་ཚོང་ཁང་དེ་དག་གི་བརྒྱ་ཆའི་ ༦ ཙམ་གྱིས་སོ་སོའི་ཚོང་ཟོག་རྒྱ་ནག་ནས་རྒྱལ་ཁབ་གཞན་གྱི་ནང་དབོར་འདྲེན་བྱས་དང་བྱེད་བཞིན་ཡོད་པ་དང་། བརྒྱ་ཆའི ༤ ཡིས་མ་འཛུགས་ཉུང་འཕྲི་བྱེད་ཀྱི་ཡོད་པ།  དེ་བཞིན་བརྒྱ་ཆའི་ ༤༩ ཙམ་གྱིས་ཨ་རིའི་རྒྱལ་ཁྲལ་སྤར་བའི་རྐྱེན་གྱིས་ཚོང་ལས་ཉམས་ཆག་འགྲོ་ཡི་ཡོད་ཀྱང་མུ་མཐུད་གཉེར་གྱི་ཡོད་སྐོར་སོགས་བཀོད་ཡོད་འདུག

ཁ་སང་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ལོའུ་ཁང་ (Lu Kang) གིས་རྒྱ་ནག་གཞུང་ལ་ཕྱིའི་བཟོ་ཚོང་ཁང་དེ་ཚོར་བཙན་དབང་གིས་འཕྲུལ་རིག་དབོར་འདྲེན་བྱེད་དུ་འཇུག་པའི་སྲིད་བྱུས་ཤིག་མེད་ལ། གལ་སྲིད་བཟོ་ཚོང་ཁང་གང་རུང་ལ་དེ་ལྟ་བུའི་གནས་ཚུལ་བྱུང་བའི་ཁུངས་སྐྱེལ་ར་སྤྲོད་ཡོད་ཚེ་རྒྱ་ནག་གཞུང་ཕྱོགས་ནས་དཀའ་སེལ་འདོད་ཡོད་ཀྱང་།  ཁུངས་སྐྱེལ་མེད་པར་རྫུན་སྒྲིག་བྱས་པའི་གནས་ཚུལ་ལ་དགག་བྱ་ནན་མོ་ཡོད་སྐོར་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ཡུ་རོབ་དུ་ཕྱིན་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་ལ་ཐུག་འཕྲད་ཀྱིས་ཚོང་འབྲེལ་སྐོར་ལ་གྲོས་མོལ་བྱས་རྗེས། གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ (European Commission) ཀྱི་ཚོགས་གཙོ་ཇི་ཨན་ཁོ་ལོ་ཌི་ཇང་ཁར་ (Jean-Claude Juncker) ལགས་ཀྱིས། འཛམ་གླིང་འདིའི་ནང་རྒྱལ་ཁབ་ཕན་ཚུན་བར་མཉམ་འབྲེལ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། རྒྱ་ནག་གིས་བཙན་དབང་ཐོག་ཕྱིའི་ཚད་མཐོའི་འཕྲུལ་རིག་ཐོན་རྫས་རྒྱ་ནག་ནང་དབོར་འདྲེན་བྱེད་དུ་མི་འཇུག་པའི་ཁས་ལེན་བྱས་ཡོད་སྐོར་དང་། ཡུ་རོབ་དང་རྒྱ་ནག་བར་ཉིན་རེར་ཡུ་སྒོར་དུང་ཕྱུར་ ༡༥ ཙམ་གྱི་ཚོང་འབྲེལ་བྱེད་ཀྱི་ཡོད་པ་དང་། ཁྲོམ་རའི་སྒོ་འབྱེད་གཅིག་མཚུངས་བྱེད་པར་ཕྱོགས་གཉིས་མོས་མཐུན་བྱུང་སྐོར་སོགས་བརྗོད་ཡོད་པ་རེད།

ཨ་རི་གཞུང་གིས་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཧྭ་ཝེ་ཡིས་ཨ་རིའི་གཞུང་ལ་གསང་ཉུལ་དང་ལྐོག་འཛུལ། དེ་བཞིན་ཆེས་མཐོའི་ལག་རྩལ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཏེ། ཧྭ་ཝེ་ཡི་ཐོན་རྫས་རྣམས་ཨ་རིའི་ནང་བཀག་སྡོམ་དང་། ཨ་རིའི་ཆེས་མཐོའི་འཕྲུལ་རིག་ཐོན་རྫས་རྣམས་ཧྭ་ཝེ་ལ་འཚོང་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། ཨ་རིའི་དྲ་ཐོག་ཞབས་ཞུའི་སྡིངས་ཆ་ཆེ་ཤོས་གྷོ་གྷུལ་(Google) གྱིས་ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་ཁང་དང་མཉམ་འབྲེལ་མཚམས་བཞག་སྟེ། གྷོ་གྷུལ་གྱི་ཐོན་རྫས་ཡུ་ཊོའུ་ (YouTube) དང་མཉེན་མཛོད་ (Play Store) ། གྷོ་གྷུལ་ས་ཁྲ་ (Google Maps) སོགས་ཀྱི་ཞབས་ཞུ་ཧྭ་ཝེའི་ཐོན་རྫས་ཁ་པར་སོགས་ཀྱི་ནང་བེད་སྤྱོད་མི་ཐུབ་པ་བཟོ་རྒྱུ་ཡིན་པ་བསྒྲགས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཊོམ་ཕུ་མཆོག་གིས་རྒྱ་ནག་ལ་ཚོང་འབྲེལ་གཅོད་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ལོ་རེར་ཨ་སྒོར་ཐེར་འབུམ་ ༣༠༠ ཙམ་གྱི་ཨ་རིའི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱེད་བཞིན་ཡོད་པ་མ་ཟད། ཨ་རིས་རྒྱ་ནག་ལ་ཕྱིར་ཚོང་བྱེད་བཞིན་པའི་དངོས་ཟོག་གི་མ་རྩ་ནི་ནང་འདྲེན་ལས་ཨ་སྒོར་ཐེར་འབུམ་ ༥༠༠ ལྷག་གིས་ཉུང་བ་ཡོད་པ་དེ་དོ་མཉམ་ཡོང་ཐབས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་ལྟར།  འདས་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་དངོས་སུ་མགོ་འཛུགས་བྱས་ཏེ་ཨ་རྒྱ་གཉིས་བར་ཚོང་དམག་རྒྱག་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་ཛ་དྲག་གི་གནས་སུ་ལྷུང་སྟེ་ཕྱོགས་གཉིས་ཀར་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་ཁྲོམ་རར་གཡོ་འཁྱོམ་བྱུང་སྟེ་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་སོགས་དང་འབྲེལ་བའི་འཛམ་གླིང་རང་བཞིན་གྱི་དཀའ་རྙོག་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༢༡

Leave a Reply