ཨིན་རྡུ་ནི་ཞི་ཡའི་འོས་བསྡུའི་གྲུབ་འབྲས་ལ་རྩོད་རྙོག་བྱུང་། 

ཨིན་རྡུ་ནི་ཞི་ཡའི་སྲིད་འཛིན་འོས་བསྡུའི་ཁྲོད་སྲིད་འཛིན་ལས་ཐོག་ཇོ་ཁོ་བསྐྱར་དུ་འདེམས་ཐོན་བྱུང་བར་བརྟེན་ཁ་གཏད་ཚོགས་པས་འོས་བསྡུའི་གྲུབ་འབྲས་དྲང་བདེན་མིན་པའི་གླེང་རྙོག་བསླངས་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་སྔོན་མའི་ནང་ཨིན་རྡུ་ནི་ཞི་ཡའི་ནང་རྒྱལ་ཡོངས་འོས་བསྡུ་བྱས་ཡོད་པ་ལྟར། དེ་རིང་ཡུལ་དེའི་འོས་བསྡུ་ལྷན་ཁང་གིས་གྲུབ་འབྲས་གསལ་བསྒྲགས་བྱས་ཏེ། འོས་བསྡུའི་ནང་མི་གྲངས་ས་ཡ་ ༡༩༠ ལྷག་གིས་ཆ་ཤས་བླངས་ཏེ། ཡུལ་དེའི་དམག་སྤྱི་ཆེན་མོ་ཟུར་པ་པི་ར་བྷོའོ་ས་བྷིན་ཊོ་(Prabowo Subianto)་ལ་འོས་གྲངས་བརྒྱ་ཆ་ ༤༤།༥ དང་། སྲིད་འཛིན་ལས་ཐོག་ཇོ་ཁོ་ཝི་ཌའོ་ཌའོ་(Joko widodo)ལ་འོས་གྲངས་བརྒྱ་ཆ་ ༥༥།༥ ཐོབ་སྟེ། ཁོང་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ཡོད་སྐོར་བསྒྲགས་ཡོད་པ་རེད།

ཁ་གཏད་འོས་མི་པི་ར་བྷོའོ་ས་བྷིན་ཊོ་ཡིས། ད་ལྟའི་གཞུང་འཛིན་ཚོགས་པས་ཐེངས་འདིའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་ལ་ཇུས་ངན་ལག་བསྟར་བྱས་པའི་ཉེས་འཛུགས་འོག ཁོའི་རྒྱབ་སྐྱོར་བ་ཚོས་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་དང་རྙོག་ཟིང་སློང་གི་ཡོད་སྟབས། ཡུལ་དེའི་རྒྱལ་ས་ཇ་ཁར་ཊའི་(Jakarta)ནང་སྐོར་སྲུང་དམག་མི་ ༣༢༠༠༠ ལྷག་འགྲེམས་འཇོག་གིས་གྲོང་ཁྱེར་ཡོངས་ནང་དམ་དྲག་བྱེད་བཞིན་ཡོད་འདུག

ཨིན་རྡུ་ནི་ཞི་ཡའི་འོས་བསྡུ་ལྷན་ཁང་གི་ཚོགས་གཙོ་ཨ་རི་ཧྥི་བྷོ་ཌི་མན་(Arief Budiman)ལགས་ཀྱིས། སྤྱིར་ཐེངས་འདིའི་གཞུང་འཛིན་གྱི་འོས་བསྡུའི་གྲུབ་འབྲས་ཕྱི་ཚེས་ ༢༢ ཉིན་བསྒྲགས་གཏན་ཁེལ་ཡོད་མོད། འོན་ཀྱང་། དེ་རིང་ཚེས་ ༢༡ ཉིན་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ལ་ཕན་ཐོགས་ཡོང་ཐབས་བྱས་པ་ཡིན། ཞེས་བརྗོད་འདུག

པི་རེ་བྷོའོ་ས་བྷིན་ཊོ་ཡི་འོས་བསྡུའི་དྲིལ་བསྒྲགས་ལས་བྱེད་ཅིག་གིས། འདྲ་མཉམ་མེད་པ་དང་མགོ་སྐོར་བཏང་བ། དེ་བཞིན། གཡོ་རྫུན་གྱི་བྱ་སྤྱོད་འདི་དག་དམངས་གཙོའི་སྒྲོམ་གཞི་དང་འགལ་ཡོད་པས། ང་ཚོས་དྲང་བདེན་མིན་པའི་བྱ་སྤྱོད་འདི་དག་ཐར་བ་གཏོང་གི་མིན། ཞེས་བརྗོད་ཡོད་པ་དང་། དེ་རིང་ཉིན་རྒྱབ་ཏུ་ཁོ་ཚོས་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་དྲང་བདེན་མིན་པ་ཁྲིམས་གཏུག་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་འདུག

ད་ལན་ནི་ཁོང་ཇོ་ཁོ་ཡི་སྲིད་འཛིན་འོས་བསྡུའི་ཁ་གཏད་དུ་ལངས་ཏེ་ཕམ་ཁ་བྱུང་བ་ཐེངས་ ༢ པ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་འོས་ཕམ་བྱུང་རྗེས་ཁོང་གིས་འོས་ཤོག་གི་གྲུབ་འབྲས་དྲང་བདེན་མིན་པའི་ཉེས་འཛུགས་བྱས་ཏེ། ཁྲིམས་གཏུག་བྱས་མཐར་ཁོ་རང་ཕམ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མི་གྲངས་ ༡༢ ལྷག་འཇིགས་སྐུལ་དྲག་སྤྱོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་སོགས་འོས་བསྡུ་དང་འབྲེལ་བའི་རྩོད་རྙོག་མང་པོ་ཡོང་གི་ཡོད་སྟབས། ཉིན་དེར་ཨིན་རྡུ་ནི་ཞི་ཡར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས། ཨིན་རྡུ་ནི་ཞི་ཡའི་ནང་ཆབ་སྲིད་ཀྱི་ཟིང་འཁྲུག་འབྱུང་གི་ཡོད་སྟབས། ཨ་རིའི་མི་སེར་ཚོར་ཉེན་ཁ་མི་འཕྲད་ཆེད། གནས་སྐབས་རིང་ཨིན་རྡུ་ནི་ཞི་ཡའི་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་མཚམས་འཇོག་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག

ཨིན་རྡུ་ནི་ཞི་ཡར་གཞུང་འབྲེལ་ཆོས་ལུགས་མེད་ཀྱང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་འོག་ཆོས་ལུགས་ཚང་མ་འདྲ་མཉམ་དང་དེའི་ནང་གི་བརྒྱ་ཆ་ ༨༠ ཙམ་ཁ་ཆེ་ཆོས་ལུགས་ཡིན་པས། ད་རེས་འོས་བསྡུར་ཆོས་ལུགས་དང་འབྲེལ་ནས་འབོད་ཚིག་བསྒྲགས་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་ནའང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཐེངས་འདིའི་འོས་བསྡུ་ལ་རང་དབང་དང་འདྲ་མཉམ་བྱུང་ཡོད་སྐོར་བརྗོད་འདུག

སྲིད་འཛིན་ཇོ་ཁོ་ནི་ཨིན་རྡུ་ནི་ཞི་ཡའི་སྲིད་འཛིན་སྐབས་ ༧ པ་ཡིན་ལ། ད་ལྟ་སྐབས་ ༨ ལ་བདམས་ཡོད་པ་དང་།  ཁོང་ནི་ཨིན་རྡུ་ནི་ཞི་ཡའི་དམངས་གཙོ་ཚོགས་པའི་འཐུས་མི་ཞིག་ཡིན་འདུག དེ་བཞིན་ཁ་གཏད་འོས་མི་པི་རེ་བྷོའོ་ས་བྷིན་ཊོ་ནི་ཡུལ་དེའི་སྲིད་དབང་སྒེར་འཛིན་པ་སོ་ཧར་ཊོ་(Suharto)ཚང་གི་མག་པ་དང་། ཡུལ་དེའི་སྤྱི་ཁྱབ་དམག་སྤྱི་ཟུར་པ་ཞིག་ཡིན་འདུག ཁོང་ད་ལྟ་གྷི་རེན་ཌི་ར་(Gerindra)སྲིད་དོན་ཚོགས་པའི་མགོ་འཁྲིད་འདུག

ཨིན་རྡུ་ནི་ཞི་ཡར་ཁྱོན་མི་གྲངས་ས་ཡ་ ༢༦༩.༥༤ ཡོད་པ་དང་། དེའི་ཁྲོད་ད་རེས་འོས་བསྡུའི་ནང་ཆ་ཤས་ལེན་མཁན་མི་གྲངས་ས་ཡ་ ༡༩༠ ལྷག་ཡོད་པས།  རྒྱ་གར་དང་ཨ་རིའི་རྗེས་སུ་ཨིན་རྡུ་ནི་ཞི་ཡ་ནི་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཨང་ ༣ པ་དེ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༢༡

Leave a Reply