རྡོ་རྗེ་ལགས་ཀྱི་འདྲ་པར་ལག་སོན་བྱུང་།

ཕྱི་ལོ་ ༢༠༡༢ ལོར་བོད་རྔ་བ་ནས་རང་ལུས་མེར་སྲེག་གནང་མཁན་རྡོ་རྗེ་ལགས་ཀྱི་འདྲ་པར་ལོ་དགུ་ཙམ་འགོར་རྗེས་གཞི་ནས་ཕྱི་ཕྱོགས་སུ་བསླེབས་འདུག

ཕྱི་ལོ་ ༢༠༡༢ ལོར་བོད་རྔ་བ་རྫོང་ཁོངས་ནས་རང་ལུས་མེར་བསྲེགས་གནང་བའི་གཞོན་སྐྱེས་རྡོ་རྗེ་ལགས་ཀྱི་འདྲ་པར་སྐབས་དེར་རྒྱ་ནག་གཞུང་གི་དམ་དྲག་འོག་ཕྱི་ནས་རག་མེད་ཀྱང་། དེ་རིང་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གཞོན་སྐྱེས་ཁོང་གི་འདྲ་པར་མཁོ་སྤྲོད་གནང་བྱུང་།

ཕྱི་ལོ་ ༢༠༡༢ ལོའི་ཟླ་༣ ཚེས་ ༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦:༣༠ སྟེང་། གཅའ་ཡུལ་ཚོའི་ཐོག་དང་ཐག་ཉེ་བའི་ཟམ་ཁ་ཞིག་ནས་ས་གནས་སྲིད་གཞུང་གི་ལས་ཁུངས་བར་གོམ་བགྲོད་ཀྱིས་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་རེད།

སྐབས་དེར་གནས་ཚུལ་མཁོ་སྤྲོད་པས་བཤད་པ་ལྟར་ན། དེ་མ་ཐག་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་སོགས་བསླེབས་མེད་པ་དང་། ས་གནས་ཀྱི་བོད་མི་རྣམས་ཀྱིས་ཁོང་གི་ལུས་སྟེང་གི་མེ་མ་བསད་པར་འབར་བཅུག་ཡོད་སྟབས་སྐབས་ཐོག་དེ་རང་ལ་སྐུ་གྲོངས་ཡོད་པ་དང་། བོད་མི་རྣམས་ཀྱིས་ཁོང་གི་སྐུ་ཕུང་ཁྱེར་རྩིས་བྱས་སྐབས་ཉེན་རྟོག་པ་སོགས་བསླེབས་ཏེ། སྐུ་ཕུང་བཙན་གྱིས་རྔ་བ་རྫོང་ཐོག་ཏུ་ཁྱེར་ཡོད་འདུག

རང་ལུས་མེར་སྲེག་གནང་མཁན་རྡོ་རྗེ་ལགས་ནི་རྔ་བ་རྫོང་གཅའ་ཡུལ་ཚོའི་གཅའ་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་ནས་ཡིན་ཞིང་། རང་ལུས་མེར་བསྲེགས་གནང་སྐབས་ཁོང་དགུང་ལོ་ ༡༨ ཡིན་འདུག་ལ། ཁོང་གི་ཕ་མིང་ལ་ཅཱ་ཅཱ་ཟེར་གྱི་ཡོད་འདུག

གཅའ་ཡུལ་ཚོ་ནི་རྔ་བ་རྫོང་ཐོག་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་པ་དང་། དེང་སྐབས་རྒྱ་ནག་གིས་ས་བགོས་བྱེད་སྟངས་ལྟར་ན་ཡུལ་ཚོ་དེའི་ནང་ཁོངས་སུ་འབྲོག་སྡེ་གཅའ་རུ་བ་དང་། རྭ་རུ་བ། ནག་ཚང་མ་བཅས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༢༡

Leave a Reply