རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོར་དཔྱད་པའི་གཏམ་རྙོག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ཡོངས་བསྒྲགས་གནང་འཆར་ཡོད་པ་དང་། ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་བར་ཐོབ་ཤོར་གྱི་རྩོད་གླེང་དང་རེ་དོགས་ཀྱི་ཆུ་ཡི་གཉེར་མ་མཐའ་རུ་བསླེབ་ལ་ཉེ་བའི་སྐབས་འདིར། འོས་བསྡུའི་གྲུབ་འབྲས་ལ་སྐྱ་ཐིག་ཅིག་འཐེན་པར་འདོད།འོས་བསྡུའི་རྩེད་ཆས་སུ་གྱུར་བའི་ལས་མེད་ཀྱི་གནད་དོན།

མི་འབོར་ཐེར་འབུམ་ ༡།༣ ཅན་གྱི་རྒྱ་གར་ལྟ་བུར་མཚོན་ན། ལོ་འགའ་ཤས་ཀྱི་རྗེས་སུ་འཛམ་གླིང་སྟེང་གི་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་འདིའི་ལས་མེད་ཀྱི་གནད་དོན་དེ་ནམ་ཡང་དཀའ་རྙོག་ཅིག་ཏུ་གྱུར་ཡོད། སྲིད་གཞུང་བརྗེ་བསྒྱུར་ཇི་ཙམ་ཕྱིན་ན་ཡང་ལས་མེད་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་མ་ཐུབ་པའི་རྐྱེན་གྱིས། རྒྱལ་ཡོངས་ཀྱི་སྐབས་རེ་རེའི་འོས་བསྡུའི་ཁྲོད་ཀྱི་གླེང་གཞི་ཆེ་ཤོས་ཤིག་ཏུ་གྱུར་ཏེ་སྲིད་དོན་ཚོགས་པ་ཁག་གི་རྩེད་ཆས་སྙིང་རྗེ་མོ་ཞིག་ཆགས་ཡོད་པ་ལྟར། འདི་ལོར་ཡང་རྒྱལ་ཡོངས་འོས་བསྡུའི་དཀྱིལ་འཁོར་ནང་རྩེད་ཆས་སྙིང་རྗེ་མོ་དེ་སྔར་བཞིན་རྩེ་ཡི་ཡོད་པ་དང་། ཡུལ་འདིའི་ལས་མེད་མི་གྲངས་ས་ཡ་ ༢༣ ལྷག་གིས་རེ་བའི་མིག་ཟུང་ཅེར་ཏེ་འཚོ་བ་གསར་པ་ཞིག་གི་སྒོ་མོ་ཕྱེ་ཐུབ་པར་སྒུག་ནས་བསྡད་ཡོད་པ་རེད།ཕྱི་ལོ་ ༢༠༡༤ ལོར་བྷི་ཇེ་པི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་དགོས་དོན་གཙོ་བོ་ཞིག་ནི། བྷི་ཇེ་པི་སྲིད་དོན་ཚོགས་པའི་སྲིད་བློན་འོས་མི་མུ་དྷི་ཡིས་ཁོ་རང་སྲིད་བློན་དུ་བདམ་པ་ཡིན་ན། རྒྱ་གར་ནང་གི་ལས་མེད་གནད་དོན་གཞི་རྩར་བཟུང་སྟེ་ལོ་རེར་ལས་ཀ་གསར་པ་ས་ཡ་གཅིག་རེའི་གོ་སྐབས་བསྐྲུན་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།  འོན་ཀྱང་ད་ལྟ་དབྱེ་ཞིབ་པ་དང་ཁ་གཏད་སྲིད་དོན་ཚོགས་པ་རྣམས་ཀྱིས་མུ་དྷི་གཞུང་གིས་ལོ་བཞིའི་ཡར་སྔོན་གྱི་ཁས་ལེན་དེ་རླུང་ལ་སྤུར་ཏེ།  ས་ཡ་ ༡ ཕར་ཞོག་ཕྱེད་ཀའང་བསྐྲུན་ཐུབ་ཡོད་མེད་ཐེ་ཚོམ་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་དང་བྱེད་མུས་རེད། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་མུ་དྷི་གཞུང་གི་རྒྱལ་ཡོངས་རྟོག་ཞིབ་ཚན་པས་ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ བར་གྱི་རྒྱ་གར་གྱི་ལས་ཞུགས་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་འགྲེམ་སྤེལ་བྱེད་པའི་དུས་ཚོད་ཕྱིར་འགྱངས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་གར་གྱི་ཚོང་དོན་གསར་ཁང་(The Business Standard) ཞེས་པས་སྙན་ཐོ་དེའི་ནང། འདས་ལོའི་རྒྱ་གར་གྱི་ལས་མེད་གྲངས་ཚད་དེ་བརྒྱ་ཆ་ ༦།༡ ལ་འཕར་ཡོད་པ་དང་། ལས་མེད་ཁྲོད་ནས་ཀྱང་ཕལ་ཆེ་བ་གཞོན་སྐྱེས་ཡིན་པ་མ་ཟད། དེ་ནི་འདས་པའི་ལོ་ངོ་ ༣༠ ནང་ལས་མེད་ཀྱི་གྲངས་འབོར་མང་ཤོས་ཡིན་པའི་གྲུབ་དོན་ཕྱིར་གྱར་བར་བརྟེན། ཀོང་རེ་སི་སྲིད་དོན་ཚོགས་པ་གཙོ་བོར་གྱུར་བའི་ཁ་གཏད་སྲིད་དོན་ཚོགས་པ་རྣམས་ཀྱིས་མུ་དྷི་གཞུང་གིས་རྒྱལ་ཡོངས་འོས་བསྡུའི་ཆེད་སྙན་ཐོ་དེ་ཉིད་འགྲེམ་སྤེལ་ཕྱིར་འགྱངས་བྱས་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས། ཡིན་ནའང་།  ཚོང་དོན་དབྱེ་ཞིབ་པ་མི་ཉུང་བ་ཞིག་གིས་རྒྱ་གར་གྱི་ལས་མེད་དཀའ་རྙོག་དེ་ནི་ཡུན་རིང་ནས་དར་བའི་དཔལ་འབྱོར་གྱི་སྒྲོམ་གཞིའི་སྐྱོན་གནད་ལས་བྱུང་བ་ཞིག་ཡིན་པ་ལས། སྲིད་གཞུང་གཅིག་པུས་མ་འཇོན་པ་ཞིག་མིན་ཚུལ་བརྗོད་ཀྱི་ཡོད་པ་རེད། ཡིན་ན་ཡང་། དུས་ད་ལྟའང་རྒྱ་གར་གྱི་མི་འབོར་ཕྱེད་ཀ་ལས་མང་བ་གཞོན་སྐྱེས་ཡིན་པ་དང་། ཤེས་ཚད་དང་ས་ཁུལ་གྱི་ཆ་ནས་ཀྱང་ཤེས་ཚད་མཐོ་བ་དང་གྲོང་ཁྱེར་བའི་མི་འབོར་ཁྲོད་ལས་མེད་མང་བ་ཡོད་པ་རེད། ཕྱི་ལོ་ ༢༠༡༣ ལོའི་རྒྱལ་ཡོངས་འོས་བསྡུའི་དྲིལ་བསྒྲགས་སྐབས་མུ་དྷི་ཡིས་ལོ་རེར་ལས་ཀ་ས་ཡ་གཅིག་རེ་གསར་བསྐྲུན་བྱེད་རྒྱུའི་ཁས་ལེན་དེ་དོན་སྨིན་བྱུང་མེད་པར་ངོས་འཛིན་བྱས་ཡོད་སྟབས། འདི་ལོའི་འོས་བསྡུའི་དྲིལ་བསྒྲགས་སྐབས་ཀོང་རེ་སི་ཚོགས་པས་ལས་མེད་ཀྱི་གནད་དོན་སེལ་ཐབས་གཙིགས་སུ་བཟུང་སྟེ། བཟོ་བསྐྲུན་དང་ཞབས་ཞུའི་ཚན་པ་འཕེལ་རྒྱས་དང་། ལས་ཀའི་གོ་སྐབས་བསྐྲུན་ཆེད་བཟོ་བསྐྲུན་དང་ཞབས་ཞུ། ལས་ཞུགས་བཅས་ཀྱི་ལྷན་ཁང་གསར་པ་ཞིག་འཛུགས་རྒྱུ་དང་། ད་ཡོད་ཀྱི་དབུས་དང་མངའ་སྡེའི་ལས་བྱེད་ས་མིག་སྟོང་པ་རྣམས་བསྐོང་ཐབས་བྱ་རྒྱུ། དེ་བཞིན་རྒྱལ་ཡོངས་ནང་ཁེ་ལས་པ་ཚོར་མཐུན་རྐྱེན་ཇེ་བཟང་གཏོང་རྒྱུ་ཡིན་སྐོར་གྱི་ཁས་ལེན་བྱས་ཡོད་པ་དང་། བྷི་ཇེ་པི་ཚོགས་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་བར་དམིགས་པའི་མ་ལག་ ༢༢ ལ་མཐུན་འགྱུར་བསྐྲུན་རྒྱུ་དང་། བྱང་ཤར་གྱི་བཟོ་གྲྭ་ཆུང་འབྲིང་ཁག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་ཐབས། དེ་བཞིན་གཞུང་ནས་ཧིན་སྒོར་དུང་ཕྱུར་ཁྲི་ ༢ གྱི་མ་དངུལ་ལས་གཞི་སྤེལ་རྒྱུ་སོགས་ཁས་ལེན་དུ་མ་བྱས་ཡོད་པ་རེད། གང་ལྟར་གནད་དོན་དབྱེ་ཞིབ་པ་མང་པོས་འདི་ལོའི་རྒྱ་གར་གྲོས་ཚོགས་འོག་མའི་འོས་བསྡུའི་ནང་གི་གནད་དོན་ཆེ་ཤོས་དེ་ལས་མེད་ཀྱི་གནད་དོན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཞིང་པ་མང་ཚོགས་ཀྱི་ལྟོ་རྒྱབ་ལ་བསྙེས་པའི་འོས་བསྡུ་ཆེན་མོ།རྒྱ་གར་གྱི་ཞིང་ལས་མ་ལག་གྱི་རིན་འབབ་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་བརྒྱ་ཆ་ ༡༧ ལས་ཟིན་གྱི་མེད་ཀྱང་། མི་འབོར་གྱི་བརྒྱ་ཆ་ ༥༠ ལས་མང་བ་ཞིང་ལས་ལ་བརྟེན་གྱི་ཡོད་སྟབས། ཞིང་པ་རྣམས་ནི་རྒྱལ་ཡོངས་འོས་བསྡུའི་ནང་ཆ་ཤས་ལེན་མཁན་གྲངས་འབོར་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ལོར་དེ་སྔོན་སྐབས་གཉིས་ལ་བསྟུན་མར་གཞུང་འཛིན་དུ་གྱུར་བའི་ཀོང་རེ་སི་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་དོན་ནི། གཅིག་ནས་ཁ་གཏད་ཚོགས་པའི་སྣེ་འཁྲིད་པ་མུ་དྷི་ཡིན་པ་དང་། གཉིས་ནས་གཞུང་འཛིན་དུས་ཡུན་ལོ་ ༡༠ ནང་ལྐོག་ཟ་རུལ་སུངས་ཀྱི་རྙོག་དྲ་གྲངས་ལས་འདས་པ་ཐོན་པས་ཡིན་ཡང་། གནད་དོན་ཆེན་པོ་གཞན་ཞིག་ནི་བཟའ་བཅའི་རིན་གོང་འཕར་ཏེ། དབུལ་ཕོངས་མང་ཚོགས་ཀྱིས་ཉོ་མི་ཐུབ་པའི་གནས་སྟངས་ཆགས་པ་དང་། སྐབས་དེར་མུ་དྷི་ཚོགས་པས་ཞིང་པ་རྣམས་ལ་གཞུང་ནས་སྐྱེད་མེད་བུ་ལོན་གཡར་ཏེ་ཞིང་ལས་ཐོན་ཁུངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པར་བརྟེན། ཞིང་པ་མང་ཚོགས་ཀྱིས་མུ་དྷི་ཚོགས་པར་ཡིད་ཆེས་བློ་འགེལ་གྱིས་འོས་ཤོག་བླུགས་པ་རེད། འོན་ཀྱང་འདས་པའི་ལོ་ ༥  ནང་ཞིང་པ་མང་ཚོགས་ཀྱིས་རེ་བ་བྱས་པ་ལྟ་བུའི་སྲིད་བྱུས་ཤིག་ལག་བསྟར་ཐུབ་མེད་པ་དང་།  མུ་དྷིས་ཁས་ལེན་བྱས་པའི་“ཉི་མ་བཟང་པོ་”ཞེས་པ་དེ་ཞིང་པ་མང་ཚོགས་ཀྱི་མགོ་ལ་ཤར་ཐུབ་མེད་པ་མ་ཟད། འདས་པའི་ལོ་བཅུའི་ནང་འདི་ལོའི་ཙོང་གི་རིན་གོང་དམའ་ཤོས་ཆགས་ཡོད་སྟབས། རྒྱ་གར་མཱ་ཧཱ་ར་ཤི་ཊ་ར་མངའ་སྡེའི་ཎ་ཤིག་(Nashik, Maharashtra)གྲོང་གསེབ་ཀྱི་ཞིང་པ་སཱན་ཇེ་སཱ་ཐེ་(Sanjay Sathe) ཞེས་པ་ཞིག་གིས། ཁོ་རང་གི་ཞིང་ཁར་བཏབས་པའི་ཙོང་སྤྱི་རྒྱ་ ༧༥༠ ལྷག་ཁྲོམ་རར་སྡེབ་ཚོང་བྱེད་དུ་ཕྱིན་སྐབས། ཙོང་སྤྱི་རྒྱ་རེ་ལ་ཧིན་སྒོར་གཅིག་དང་ཕྱེད་ཀ་རེ་བྱས་ནས་ཁྱོན་ཧིན་སྒོར་ ༡༠༦༤ ལས་མ་བྱུང་བ་དང་། ཟླ་ངོ་གསུམ་ལ་ཞིང་ཁ་འདེབས་ལས་བྱས་པའི་ངལ་བ་འབྲས་མེད་དུ་གྱུར་བར་བརྟེན། ཙོང་བཙོང་ནས་རག་པའི་ཧིན་སྒོར་ ༡༠༦༤ དེ་ཚང་མ་སྲིད་བློན་མུ་དྷིའི་ལས་ཁུངས་སུ་བསྐུར་ཏེ་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པ་རེད། མདོར་ན་བཟའ་བཅའི་རིན་གོང་དེ་དབུལ་ཕོངས་དང་ཞིང་པ་མང་ཚོགས་གཉིས་བར་གྱི་ཟམ་ཆེན་ལྟ་བུར་གྱུར་ཡོད། གལ་ཏེ་ཞིང་པ་མང་ཚོགས་ལ་གཞིགས་ནས་བཟའ་བཅའི་རིན་གོང་སྤར་ཚེ། དབུལ་ཕོངས་མང་ཚོགས་ཀྱིས་ངོ་རྒོལ་བྱེད་ངེས་པ་དང་། ཡང་བཟའ་བཅའི་རིན་གོང་བཅག་སྟེ་ཞིང་པའི་ཐོན་རྫས་ལ་རིན་གོང་འོས་འཚམ་ཞིག་མ་སྤྲད་ཚེ། དེས་གཞུང་འཛིན་ཚོགས་པ་ཞིག་གཡང་ལ་བསྐྱུར་བའི་ཉེན་ཁ་ཡོད་པ་རེད།

འདི་ལོའི་འོས་བསྡུའི་སྐབས་ཀོང་རེ་སི་ཚོགས་པས་འདས་པའི་ལོ་ ༥ ནང་མུ་དྷི་གཞུང་གིས་ཞིང་པ་མང་ཚོགས་ཀྱི་བདེ་སྡུག་ལ་དོ་འཁུར་བྱས་མེད་པའི་སྐྱོན་བརྗོད་དང་སྦྲགས། གལ་ཏེ་འདི་ལོར་གཞུང་འཛིན་པར་འགྱུར་ཚེ། ཞིང་པ་མང་ཚོགས་ཆེད་གཞུང་གི་གྲོན་དངུལ་ཟུར་དུ་བཟོ་རྒྱུ་དང་། ཞིང་ལས་འཕེལ་རྒྱས་དང་འཆར་འགོད་ཀྱི་ཆེད་དུ་གཏན་འཇགས་ཀྱི་དམིགས་བསལ་ཚོགས་ཆུང་ཞིག་གསར་འཛུགས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། མུ་དྷི་གཞུང་གིས་ཀྱང་ཕྱི་ལོ་ ༢༠༢༢ བར་ཞིང་པ་མང་ཚོགས་ཀྱི་ཡོང་འབབ་ལྡབ་གཅིག་གིས་མཐོ་རུ་གཏོང་ཐབས་དང་། ལོ་ལྔ་ལ་ཞིང་པའི་དུད་ཁྱིམ་རེ་རེར་སྐྱེད་མེད་ཐོག་བུ་ལོན་སྒོར་འབུམ་ ༡ རེ་གཡར་ཆོག་རྒྱུ་དང་། ད་ཡོད་ཀྱི་ཞིང་ལས་ལས་འཆར་དག་ཕྱི་ལོ་ ༢༠༢༢ བར་ཚར་བ་བྱ་རྒྱུ་སོགས་ཁས་ལེན་མི་ཉུང་བ་ཞིག་བྱས་ཡོད་པ་རེད།འཛམ་གླིང་དངུལ་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༦ ལོའི་རྒྱ་གར་གྱི་ལོ་གཅིག་གི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ཨ་སྒོར་ ༡༦༧༠ ཡིན་པ་དང་། འཛམ་གླིང་སྟེང་གི་རྒྱལ་ཁབ་ ༡༦༤ ཁྲོད་ནས་ཨང་རིམ་ ༡༡༢ དེ་ཡིན་འདུག དེ་བཞིན་ད་ལྟའི་ཆར་རྒྱ་གར་གྱི་མི་སེར་བརྒྱ་ཆ་ ༢༡།༩ ལྷག་ད་དུང་རྒྱལ་ཡོངས་ཀྱི་ཉམ་ཐག་ཚད་ཐིག་གི་འོག་ལ་ཡོད་སྟབས། དུས་རྒྱུན་སྲིད་དོན་ཚོགས་པས་དབུལ་ཕོངས་མང་ཚོགས་ཀྱི་འོས་ཤོག་ཐོབ་ཆེད། ཁོ་ཚོར་རིན་མེད་ཀྱི་ཤེས་ཡོན་དང་། བཟའ་བཅའི་རོགས་དངུལ། དེ་བཞིན་སོལ་རླངས་ལ་སོགས་པའི་མཐུན་རྐྱེན་སྦྱོར་རྒྱུ་ཡིན་སྐོར་གྱི་ཁས་ལེན་མང་པོ་བྱེད་ཀྱི་ཡོད་པ་ལྟར། བཟའ་བཅའ་དང་སོལ་རླངས་སོགས་རིན་གོང་དམའ་བོའི་ཐོག་ནས་འཚོང་གི་ཡོད་པ་རེད། སྤྱིར་རྒྱ་གར་གྱི་ཉམ་ཐག་གི་ཚད་གཞི་དེ་ལོ་རེར་ཁྱིམ་ཚང་རེའི་ཡོང་འབབ་ཧིན་སྒོར་ ༢༧,༠༠༠ ཡིན་ཡང་།  ཉམ་ཐག་ཚད་ཐིག་གི་སྒང་ལ་ཡོད་པའི་དུད་ཁྱིམ་མང་པོས་སྐྱ་ཟད་སྔོ་རྡུགས་ཀྱི་འཚོ་བར་རོལ་བཞིན་ཡོད། དེར་བརྟེན། འདི་ལོར་ཀོང་རེ་སི་ཚོགས་པས་འོས་བསྡུའི་དྲིལ་བསྒྲགས་སྐབས། བྷི་ཇེ་པི་ཚོགས་པ་དེ་ཕྱུག་པོའི་ཆེད་ཡིན་ཡང་། ཀོང་རེ་སི་ནི་ནམ་ཡང་དབུལ་ཕོངས་མི་མང་གི་ཆེད་དུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། གལ་ཏེ་གཞུང་འཛིན་ཚོགས་པར་གྱུར་ཚེ། རྒྱལ་ཁབ་ཀྱི་མི་འབོར་སྐྱོ་ཤོས་ཁྲོད་ཀྱི་བརྒྱ་ཆ་ ༢༠ ཡི་དངུལ་ཁང་ནང་ལོ་རེར་ཧིན་སྒོར་ ༧༢,༠༠༠ འཇུག་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། མུ་དྷི་སྲིད་གཞུང་གིས་ཀྱང་དབུལ་ཕོངས་མི་མང་གི་འཚོ་བ་ཡར་རྒྱས་ལ་སྔར་ལྷག་ཤུགས་སྣོན་བརྒྱབ་སྟེ། གློག་མེད་སར་གློག་དང་། གསང་སྤྱོད་མེད་སར་གསང་སྤྱོད། དེ་བཞིན་སྨན་བཅོས་ལྟ་སྐྱོང་མེད་སར་གཞུང་གི་སྨན་ཁང་སོགས་འཛུགས་རྒྱུའི་ཁས་ལེན་བྱས་པའི་ཐོག མི་མང་ངོས་ནས་དུས་ནམ་ཡང་ཀོང་རེ་སི་ཡིས་མི་རབས་བཞི་ལྷག་གི་རྫུན་གཏམ་ལ་ཡིད་ཆེས་བྱེད་མི་ཉན་སྐོར་སོགས་དྲིལ་བསྒྲགས་བྱས་ཡོད་པ་རེད། སྲིད་དོན་དབྱེ་ཞིབ་པ་མང་པོས་འདས་པའི་ལོ་ ༥ ནང་རྒྱ་གར་ནང་བཟའ་བཅའི་རིན་གོང་འཕར་ཆག་གི་རྐྱེན་པས་དབུལ་ཕོངས་མི་མང་རྣམས་ལ་དེ་ཙམ་དཀའ་ངལ་འཕྲད་མེད་པ་མ་ཟད། སྔར་གྱི་སྲིད་གཞུང་ལྟར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཡང་དེ་ཙམ་ལྷག་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

འོས་བསྡུའི་འགྲན་རྩོད་ཀྱིས་བསྐུལ་བའི་རྒྱལ་སྲུང་རྒྱལ་ཞེན།སྔར་དང་མི་འདྲ་བར་འདི་ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ཁྲོད། མི་མང་རྣམས་ཀྱིས་ལས་མེད་དང་ཤེས་ཡོན་སོགས་ཀྱི་གནད་དོན་དག་ལས་རྒྱལ་ཁབ་ཀྱི་བདེ་སྲུང་དང་། རྒྱལ་ཞེན་གྱི་གནད་དོན་དེར་དོ་སྣང་ཆེ་བ་བྱས་ཡོད་པ་མ་ཟད། ཕལ་ཆེར་འོས་བསྡུའི་རྒྱལ་ཕམ་གྱི་ཐག་གཅོད་དེའང་རྒྱལ་སྲུང་དང་རྒྱལ་ཞེན་རིང་ལུགས་ཀྱི་མཐའ་ལ་ལྷུང་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། མུ་དྷི་ཡིས་ཀྱང་སྔར་བཞིན་ཀོང་རེ་སི་ཡིས་རྒྱལ་ཁབ་ཀྱི་འཇིགས་སྐུལ་བ་དང་ངན་པ་ལག་སྦྲེལ་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་བླ་བཙོང་གི་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས་པ་དང་སྦྲགས། རྒྱལ་མཚམས་སྲུང་བཞིན་པའི་དམག་སྡེ་དག་ལ་བསྟོད་བསྔགས་བྱས་ཡོད་པ་རེད།

འཇིགས་སྐུལ་དྲག་སྤྱོད་པར་མཐའ་གཅིག་ཏུ་རྒོལ་རྡུང་གཏོང་རྒྱུ་ཡིན་ལ།  ཕྱི་ལོ་ ༢༠༡༦ ལོར་པཱ་ཀི་སི་ཐན་མངའ་ཡབ་ཀྱི་ཀཱ་ཤི་མིར་ཁུལ་དུ་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པའི་དཔུང་སྡེ་ལ་དྲག་པོའི་དམག་གིས་རྒོལ་ལན་ཚ་ནན་སྤྲད་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་པཱ་ཀི་སི་ཐན་གྱི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་རྗེ་ཤི་ཨེ་མོ་ཧཱ་མཌ་(Jaish-e-mohammed ) འཇིགས་སྐུལ་དྲག་སྤྱོད་པས་རྒྱ་གར་གྱི་ཉེན་རྟོག་དམག་མི་ཉུང་མཐར་ ༤༠ རྐྱེན་འདས་སུ་བཏང་བར་བརྟེན། ཟླ་དེའི་ཚེས་ ༢༦ ཉིན་རྒྱ་གར་མཁའ་དམག་གནམ་གྲུས་པཱ་ཀི་སི་ཐན་དང་རྒྱ་གར་གྱི་དམག་མཚམས་ས་ཐིག་(Line of Control)བརྒལ་ཏེ།  པཱ་ཀི་སི་ཐན་གྱི་མངའ་ཁོངས་སུ་ཡོད་པའི་ཀ་ཤཱི་མིར་རྗེ་ཤི་ཨེ་མོ་ཧཱ་མཌ་འཇིགས་སྐུལ་དྲག་སྤྱོད་པའི་དམག་སྦྱོང་ལྟེ་གནས་ཆེ་ཤོས་བྷ་ལ་ཀོ་ཊི་(Balakot)རུ་མཁའ་ཐོག་འཇབ་རྒོལ་བྱས་ཏེ་འཁོན་ལན་བསློགས་ཡོད་པར་བརྟེན། མུ་དྷི་སྲིད་གཞུང་ནི་རྒྱ་གར་མང་ཚོགས་ཀྱི་མིག་ལམ་དུ་རྒྱལ་ཞེན་པ་དང་། ཕྱི་དགྲ་བོ་རྨེག་མེད་དུ་གཏོང་མཁན་གྱི་དཔའ་བོ་ཞིག་གི་ཚད་དུ་འཇོག་ཆོག་པའི་སྒྲུབ་བྱེད་བཀོད་ཡོད་པ་མ་ཟད།   འདི་ལོའི་འོས་བསྡུའི་ཁས་ལེན་ནང་དུ་ཡང་རྒྱལ་ཁབ་ཀྱི་བདེ་སྲུང་དེ་ཨང་དང་པོར་བཞག་སྟེ། འཇིགས་སྐུལ་དྲག་སྤྱོད་པར་གུ་ཡངས་གཅིག་ཀྱང་མེད་སྐོར་བརྗོད་ཡོད་པ་རེད།

སྒྱུར་བཅོས་ཆེན་མོ་དང་དཔལ་འབྱོར་གནས་བབ།རྒྱ་གར་འདི་འཛམ་གླིང་སྟེང་གི་དཔལ་འབྱོར་གྱི་ཐོན་ཁུངས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། འདས་པའི་ལོ་ངོ་འགའ་ཤས་ནང་དཔལ་འབྱོར་ཤུགས་ཆེར་འཕེལ་ཡོད་ཀྱང་། དུས་ད་ལྟ་ཡང་མི་མང་ས་ཡ་མང་པོ་དབུལ་ཕོངས་ཀྱི་གནས་ལས་ཐར་མེད་པ་དང་། ལས་ཤུགས་ཀྱི་ནུས་པ་ཡོད་ན་ཡང་འགྲུལ་ལམ་སོགས་འཛུགས་བསྐྲུན་གྱི་མཐུན་རྐྱེན་སྐྱོ་དྲགས་པའི་རྐྱེན་གྱིས་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་གཉེར་བ་དང་བཟོ་བསྐྲུན་པ་ཚོས་རྒྱ་གར་ནང་ཚོང་དོན་མ་རྩ་འཇོག་ཐུབ་ཀྱི་མེད་པ་རེད། དེ་ཡང་མུ་དྷི་ཡིས་ཕྱི་ལོ་ ༢༠༡༤ ལོའི་འོས་བསྡུའི་སྐབས། ཀོང་རེ་སི་ཚོགས་པས་འདས་པའི་ལོ་ ༡༠ ནང་གཞུང་དམངས་ཀྱི་རྒྱུ་དངུལ་ཚད་ལས་བརྒལ་བ་ལྐོག་ཟ་བྱས་པའི་རྐྱེན་གྱིས་རྒྱ་གར་འདི་སྤྲང་པོར་གྱུར་ཡོད་པའི་སྐྱོན་བརྗོད་དང་སྦྲགས། ཁོ་པའི་སྲིད་དོན་ཚོགས་པར་གཞུང་འཛིན་གྱི་གོ་སྐབས་ཐོབ་ཚེ། རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་གྱི་རྩེ་མོར་བསྐྱལ་རྒྱུའི་ཁས་ལེན་བྱས་པ་དང་འབྲེལ། རྒྱ་གར་གྱི་འཛུགས་བསྐྲུན་གྱི་མ་ལག་ཚགས་ཚུད་བཟོ་རྒྱུ་དང་། ཕྱིའི་རྒྱལ་ཁབ་དང་ཚོང་འབྲེལ་སླར་གསོ་ཡོང་རྒྱུ། དེ་བཞིན་ཆེས་གལ་ཆེ་བ་ནི་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་དང་། ཁྲིམས་མཐུན་མ་ཡིན་པའི་དངུལ་དངོས་ཀྱི་གནད་དོན་དེ་དག་སེལ་ཐབས་བྱ་རྒྱུ་ཡིན་པ་སོགས་ཁས་ལེན་བྱས་ཡོད། ཁས་ལེན་གཞིར་བཟུང་མུ་དྷི་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན་རྒྱ་གར་གྱི་དངུལ་ལོར་ ༡༠༠༠ ཐམ་པ་དང་། ༥༠༠ ཐམ་པ་གཉིས་ཀྱི་འགྲོ་རྒྱུག་བཀག་སྟེ། དེའི་ཚབ་ཏུ་ ༢༠༠༠ ཐམ་པ་དང་། ༢༠༠ ཐམ་པའི་དངུལ་ལོར་གསར་པ་འགྲེམ་སྤེལ་བྱས་ཡོད་པ་རེད། དེ་ནི་འདས་པའི་ལོ་ ༥ ནང་གི་མུ་དྷི་སྲིད་གཞུང་གི་བསྒྱུར་བཅོས་ཆེ་ཤོས་གཅིག་ཡིན་པ་དང་། བསྒྱུར་བཅོས་དེ་ལ་ཡང་ཁ་གཏད་སྲིད་དོན་ཚོགས་པ་དང་། དཔལ་འབྱོར་དང་སྲིད་དོན་དབྱེ་ཞིབ་པ་མང་པོས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད་ལ། རྒྱལ་ཁབ་ཀྱི་ལོ་རེའི་སྤྱི་སྙོམ་ཐོན་སྐྱེད་རིན་འབབ་ཀྱང་མར་ཆག་ཡོད་པ་མ་ཟད། ཞིང་ལས་དང་ཁེ་ལས་ཆུང་ཚགས་གཉེར་བཞིན་པའི་མང་ཚོགས་ལ་དོ་ཕོག་ཤུགས་ཆེན་པོ་ཐེབས་ཡོད་པར་བརྗོད། གཞན་ཡང་མུ་དྷི་སྲིད་གཞུང་གིས་རྒྱ་གར་རང་བཙན་ཐོབ་རྗེས་ཀྱི་ཁྲལ་བསྡུའི་ལམ་ལུགས་ཀྱི་བསྒྱུར་བཅོས་ཆེ་ཤོས་ཐེངས་གཉིས་པ་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲལ་བསྡུའི་ལམ་ལུགས་ཚགས་ཚུད་དང་ཁྲིམས་མཐུན་གྱི་ཚོང་དོན་ལ་ཡར་སྐུལ་བྱས་ཡོད་ཀྱང་། དེས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དལ་དུ་བཏང་ཡོད་པ་མ་ཟད། འབངས་མི་དཀྱུས་མ་རྣམས་ཀྱི་ཁེ་ལས་ལ་དོ་ཕོག་ཆེན་པོ་བཏང་སྐོར་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་། འདི་ལོ་ཡང་མུ་དྷི་གཞུང་གིས་འབྱུང་འགྱུར་གྱི་ལོ་ ༥ ནང་འཛུགས་བསྐྲུན་ཁོ་ནའི་ཆེད་དུ་ཧིན་སྒོར་ཐེར་འབུམ་ ༡༠༠ ལྷག་གི་འགྲོ་གྲོན་གཏོང་རྒྱུ་སོགས་ཁས་ལེན་བྱས་ཡོད་འདུག

འགལ་རྐྱེན་དུ་འགྱུར་སྲིད་པའི་གནད་དོན་གཞན།རྒྱ་གར་ནི་མི་རིགས་དང་སྐད་རིགས་གོམས་སྲོལ་སྣ་མང་གིས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ཆོས་ལུགས་གཙོ་བོར་བྱས་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་། མཁྲེགས་འཛིན་གུ་ཡངས་ཀྱི་བསམ་བློའི་ཁྱད་པར་སོགས་ཀྱང་འོས་བསྡུའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དཔེར་ན་ད་ལྟའི་མུ་དྷི་སྲིད་གཞུང་དེ་ཉིད་ཧིན་རྡུའི་ཆོས་ལུགས་གྲུབ་མཐའ་གཙིགས་སུ་འཛིན་མཁན་ཞིག་ཡིན་སྟབས། དེར་རང་ཤུགས་ཀྱིས་ཁ་ཆེ་ཆོས་ལུགས་པ་དང་། དེ་བཞིན་ཧིན་རྡུའི་ཆོས་ལུགས་ཀྱིས་དམའ་སར་འཛིན་པའི་གདོལ་པའི་རིགས་(Dalit)ཀྱིས་བྱེད་མི་སྲིད་པ་ལྟ་བུ་ཡིན། དེ་ཡང་རྒྱ་གར་ནང་ཉུང་མཐར་ཁ་ཆེའི་རྗེས་འབྲང་པ་ས་ཡ་ ༢༠༠ ལྷག་ཡོད་པ་དེས་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་ ༡༥ ཟིན་གྱི་ཡོད་པ་དང་། དེ་བཞིན་གདོལ་པའི་རིགས་(Dalit)ཀྱིས་མི་འབོར་གྱི་བརྒྱ་ཆ་ ༡༥ ནས་༢༠ བར་ཟིན་གྱི་ཡོད་པར་བརྟེན། དེ་དག་ཕལ་ཆེ་བས་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཁ་གཏད་དུ་ལངས་པའི་ཀོང་རེ་སིའམ་གཞན་ཞིག་སྲིད་གཞུང་དུ་བསྐོ་འདོད་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ལྟ་བ་མཁྲེགས་བཟུང་ཅན་དང་མི་སྒེར་རང་དབང་སོགས་གུ་ཡངས་ཀྱི་བསམ་བློ་ལྡན་པའི་སྤྱི་ཚོགས་སམ་མི་མང་དག་གིས་བྷི་ཇེ་པི་འོས་འདེམས་བྱེད་མི་སྲིད་པ་ལྟ་བུ་ཡིན་འདུག

ཚོད་དཔག་ཁྲོད་ཀྱི་རྒྱལ་ཕམ་ཆེན་མོ། འདས་པའི་ཟླ་གཅིག་ལྷག་གི་རིང་མུ་དྷིས་སྣེ་འཁྲིད་པའི་བྷི་ཇེ་པི་ཚོགས་པ་ (Bhartiya Janata Party) དང་། རཱ་ཧུལ་གྷན་དྷིས་(Rahul Gandhi)སྣེ་འཁྲིད་པའི་ཀོང་རེ་སི་ཚོགས་པ་ (National Congress Party) གཉིས་ཀྱིས་གཙོས། མངའ་སྡེ་སོ་སོའི་སྲིད་དོན་ཚོགས་པའི་བར་ལ་གྲོས་ཚོགས་ར་བའི་ཞབས་བཀྱག་ཐོབ་ཤོར་གྱི་འགྲན་རྩོད་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་འོས་བསྡུ་ཡོངས་སུ་མཇུག་བསྒྲིལ་ཡོད་པ་དང་། གནངས་ཉིན་ཏེ་ཕྱི་ཚེས་ ༢༣ ཉིན་འོས་ཤོག་རྩིས་བཤེར་གྱི་གྲུབ་འབྲས་གསལ་བསྒྲགས་བྱ་རྒྱུ་རེད། མི་མང་པོས་འདི་ལོ་ཡང་མུ་དྷི་སྲིད་གཞུང་ལ་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང། ཉེ་སྔོན་རྒྱ་གར་གྱི་མངའ་སྡེ་འགའ་ཤས་ཀྱི་གྲོས་ཚོགས་འོས་བསྡུའི་སྐབས་ཀོང་རེ་སི་ཚོགས་པ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པར་བརྟེན། རྒྱལ་ཡོངས་འོས་བསྡུའི་ནང་ལ་ཡང་ཁོང་ཚོར་འཐོབ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ལ། མུ་དྷི་སྲིད་གཞུང་གིས་ཀྱང་ཀོང་རེ་སི་ཚོགས་པ་གཙོས་པའི་མངའ་སྡེ་སོ་སོའི་སྲིད་དོན་ཚོགས་པ་དག་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད་སྟབས། མུ་དྷིར་མཚོན་ན་འདི་ལོའི་འོས་བསྡུ་ནི་དེ་སྔོན་ལྟར་རྒྱལ་ཁ་ཐོབ་ཤག་ཤག་ཅིག་མིན་པ་གསལ་པོ་རེད། དཔེར་ན་བྱང་ཕྱོགས་ཨུ་ཊར་པར་དྷེ་ཤི་(Uttar Pradesh) ལྟ་བུས་རྒྱ་གར་གྲོས་ཚོགས་ཀྱི་ཞབས་བཀྱག་ཁྱོན་ ༥༤༥ ལས་ ༨༠ བཟུང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་བྷེ་ཇི་པེ་ཚོགས་པར་ཞབས་བཀྱག་ ༧༡ ཐོབ་སྟེ་དབུས་གཞུང་བཟུང་ཐུབ་ཡོད་ཀྱང་། ད་ལན་དེ་ལྟར་མིན། ཐེངས་བཞི་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་གྱུར་ཞིང་། དོལ་བའི་རིགས་ཀྱི་བཙུན་མོར་འབོད་པའི་མཱ་ཡཱ་ཝ་ཏི་(Mayawati) ཡིས་སྣེ་འཁྲིད་པའི་བྷ་ཧུ་ཇན་སཱ་མཱ་ཇི་ཚོགས་པ་(Bahujan Samaj Party) དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཨ་ཁི་ལེ་ཤི་ཡཱ་དྷབ་(Akhilesh Yadav) ཀྱིས་མགོ་འཁྲིད་པའི་སཱ་མཱ་ཇི་ཝ་དྷི་ཚོགས་པ་(Samajwadi Party)གཉིས་མཉམ་འབྲེལ་གྱི་ཐོག་ནས་བྷི་ཇེ་པི་ཚོགས་པར་ཁ་གཏད་གཅོག་གི་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་ལྷོ་ཕྱོགས་ཅཱ་ཏི་སི་གྷར་(Chhattisgarh) དང་། མཱ་དྷི་ཡ་པར་དྷེ་ཤི་ (Madhya Pradesh)། རཱ་ཇི་སི་ཐན་(Rajasthan) བཅས་ཀྱི་ནང་ཀོང་རེ་སི་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེ་བ་ཡོད་པ་རེད།

ཉེ་ཆར་རྒྱ་གར་གྱི་རྒྱལ་ཡོངས་གསར་ཁང་འགའ་ཤས་ཀྱིས་འདི་ལོའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་ཚོད་དཔག་བྱས་པའི་ནང་། འདི་ལོར་མུ་དྷི་གཞུང་ལ་རྒྱལ་ཁ་ཐོབ་སྲིད་ཀྱང་། དེ་སྔོན་ལྟར་རྒྱལ་ཁ་ཆེན་པོ་ཞིག་འཐོབ་རྒྱུ་མིན་པ་དང་། མཉམ་འབྲེལ་སྲིད་དོན་ཚོགས་པའི་རོགས་འདེགས་བརྒྱུད་འཐོབ་སྲིད་སྐོར་ཚོད་དཔག་བྱས་འདུག་པ་དང་། ཀོང་རེ་སི་ཚོགས་པར་སྤྱིར་འོས་བསྡུ་ཐོབ་རྒྱུའི་རེ་བ་མེད་ཀྱང་། ཕྱི་ལོ་ ༢༠༡༤ དང་བསྡུར་ན་གྲོས་ཚོགས་ནང་ཞབས་བཀྱག་མང་བ་འཐོབ་སྲིད་སྐོར་གྱི་ཚོད་དཔག་བྱས་ཡོད་པ་རེད།

འཛམ་གླིང་གི་འོས་བསྡུ་ཆེ་ཤོས་སུ་གྲགས་པའི་འདི་ལོའི་རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་དེ་རིམ་པ་ ༧ ལ་ཆ་བགོས་ཀྱིས་དུས་ཡུན་ཉིན་གྲངས་ ༣༩ འགོར་ཡོད་པ་དང་། འོས་བསྡུའི་ས་ཚིགས་ས་ཡ་ ༡ ནང་འོས་འཕྲུལ་(Voting Machine)ས་ཡ་ ༢།༣ དང་། ཉེན་སྲུང་མི་སྣ་ཚུད་པའི་འོས་བསྡུའི་དོ་དམ་མི་སྣ་ས་ཡ་ ༡༡ ལྷག་ཆེད་དུ་བསྐོ་བཞག་བྱས་ཡོད་པ་དང་། མི་གྲངས་ས་ཡ་ ༩༠༠ ལྷག་གིས་སྲིད་དོན་ཚོགས་པ་ཆེ་ཆུང་ ༢༣༥༤ ལ་འོས་བླུགས་ཡོད་པ་རེད། འདི་ལོའི་རྒྱལ་ཡོངས་འོས་བསྡུའི་ནང་ཕྱི་ལོ་ ༢༠༡༤ དང་བསྡུར་ན་ཆ་ཤས་ལེན་མཁན་ས་ཡ་ ༨༣ ཇེ་མང་དུ་སོང་ཡོད་འདུག

དཔྱད་བརྗོད་པ། དུས་བབ་གསར་འགོད་པ་པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༥/༢༢

Leave a Reply

4 thoughts on “རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོར་དཔྱད་པའི་གཏམ་རྙོག

  1. གཞུང་པ་ཚེ་དབང་བསོད་ནམས་

    རང་བཙན་རྒྱལ་ཁབ་རྒྱ་གར་འོས་བསྡུའི་འཕྲོད།
    རྒྱལ་ཕམ་ཐོབ་ཤོར་འོས་བསྡུའི་སྒྲུབ་འབྲས་ལ།
    ཁ་དམག་འགན་འཁུར་ཆབ་སྲིད་མི་སྣས་འགན།
    འགན་འཁུར་ལེན་པའི་དབང་ཚད་མི་མང་ལག།

  2. དྲང་པོར་བཤད་ན་འདི་ལ་དཔྱད་བརྗོད་ཅེས་འབོད་པར་མི་འོས། གནས་ཚུལ་བསྡུ་རུབ་བྱས་པ་ཙམ་ཞིག་རེད་འདུག

  3. དཔྱད་གཏམ་ཚད་མ་མི་གདའ། བྷེ་ཇི་པེ་ལ་ཚད་མཐོ་བའི་བའོ་ཌི་ཐོབ་གི་ཡོད་པ་ཤེས་བཞིན་དཔྱད་པ་ནོག་ནོག་བཟོ་གདཱ