ཚོང་དམག་ཕམ་ཉེས་སྦས་སྐུང་ཆེད་རྒྱལ་ཞེན་ལྟ་བ་སྤེལ།

རྒྱ་ནག་གཞུང་གིས་ཨ་རྒྱའི་ཚོང་དམག་གནད་དོན་དང་འབྲེལ་རྒྱ་ནག་མི་མང་ཁྲོད་ཟིང་རྙོག་མི་ཡོང་ཆེད་རྒྱལ་ཞེན་ལྟ་བ་སྤེལ་ཐབས་ཀྱི་གླུ་གཞས་འགྲེམས་སྤེལ་དང་གློག་བརྙན་རིགས་སྟོན་གྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན། བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཨ་རྒྱའི་ཚོང་དམག་གཡུལ་འབྱེད་ཁྲོད་རྒྱ་ནག་གི་དཔལ་འབྱོར་ཕམ་ཉེས་སོགས་སྦས་སྐུང་དང་མི་མང་ཁྲོད་རྙོག་ཟིང་རིགས་མི་ཡོང་ཆེད། ཁ་བྱང་ལ་ཚོང་དམག་ཞེས་པའི་རྒྱལ་ཞེན་རིང་ལུགས་ཀྱི་གླུ་གཞས་གསར་པ་ཞིག་བཟོས་ཏེ་སྤྱི་ཚོགས་དྲ་ལམ་དུ་བཀྲམ་ཡོད་འདུག

གླུ་གཞས་དེ་ནི་དུས་ཡུན་སྐར་མ་ ༣ ཙམ་ལས་མེད་པ་དང་གཞས་ཚིག་གི་ནང་དོན་གཙོ་བོ་ནི། ཚོང་དམག་དེ་ལྷོ་ཞི་བདེ་རྒྱ་མཚོ་བརྒྱུད་ནས་བརྒྱབས་སོང་བ་དང་། ཚོང་དམག་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལའང་གནོད་སྐྱོན་བཟོས་ཡོད་ན་ཡང་། ང་ཚོ་གཏན་ནས་ཚོང་དམག་གི་གཏུམ་སྤྱོད་ལ་འཇིགས་སྐྲག་སྐྱེས་ཀྱི་མེད་པ་དང་། གལ་ཏེ་ཉེས་ཅན་པ་ཚོས་མུ་མཐུད་ཚོང་དམག་རྒྱག་འདོད་ན་ང་ཚོས་དེ་ཉིད་ཕམ་པར་གཏོང་གི་ཡིན་ཟེར་བ་སོགས་ཡིན་འདུག་ལ། གླུ་གཞས་དེའི་བརྙན་ངོས་སུ་ཁུ་ཚུར་ཞིག་བཞག་ཡོད་པའི་རྒྱབ་ཏུ་རྒྱ་ནག་གི་རྒྱལ་དར་དང་གནམ་སྡེ་སྒོ་མོ་ཆེའི་པར་རིས་སོགས་བཞག་ཡོད་འདུག

གླུ་གཞས་དེ་དུས་ཡུན་ཆུ་ཚོད་ཁ་ཤས་རིང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་སྐད་འཕྲིན་དང་ཝེ་པོ་སོགས་ཀྱི་ནང་མི་གྲངས་ ༡༠༠༠༠༠ ལྷག་གིས་བལྟས་བ་དང་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་འདུག གླུ་གཞས་དེའི་ཚིག་རྩོམ་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་ཡོན་རྒས་ཡོལ་དུ་ཕྱིན་པ་ཀྲོ་ལིང་ཐེན(Zhao Liangtian)ཞེས་པ་ཞིག་ཡིན་པ་དང་། ཁོས་དེ་སྔ་ནས་རྒྱ་ནག་མི་མང་ལ་རྒྱལ་ཞེན་སྐུལ་སློང་གི་གཞས་ཚིག་མང་པོ་བརྩམས་ཡོད་པ་དང་། ཁོས་ཐེངས་འདིའི་གཞས་ཚིག་དང་དབྱངས་སོགས་དེ་སྔ་ཉི་ཧོང་གི་བཙན་འཛུལ་ལ་རྒོལ་ཆེད་ཕུག་ལམ་དམག་འཁྲུག(Tunnel War)ཞེས་པའི་གློག་བརྙན་ཞིག་བཟོས་ཏེ། མི་མང་ཁྲོད་རྒྱལ་ཞེན་དང་རང་སྲུང་གི་ལྟ་བ་སྤེལ་ཐབས་བྱས་པའི་གཞས་ཚིག་ལ་བལྟས་ནས་བརྩམས་པ་ཞིག་ཡིན་པ་དང་།

གཞས་ཚིག་རྩོམ་མཁན་གྱིས་དེ་ལ་དཔེ་ལེན་དགོས་དོན་སྐབས་དེའི་གནས་སྟངས་དང་ད་ལྟའི་ཚོང་དམག་གིས་རྒྱ་ནག་ལ་གནོད་འཚེ་ཐེབས་པའི་འཇིགས་སྣང་གཅིག་པ་ཡིན་སྐོར་བརྗོད་འདུག དེ་བཞིན་ཐེངས་འདིའི་གླུ་གཞས་དེར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་གནས་སྟངས་དེ་བེད་སྤྱད་ནས་མུ་མཐུད་མི་མང་ཁྲོད་ཨ་རི་དང་ནུབ་ཕྱོགས་པ་ཚོར་ཞེ་འཁོན་སློང་ཐབས་བྱེད་བཞིན་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་སོགས་ཀྱི་ནང་མི་མང་གི་དམག་འཁྲུག་ཟེར་བ་དང་། མི་མང་གིས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་རྒོལ་བ་ཟེར་བ་སོགས་བྲིས་ཡོད་འདུག

དེ་བཞིན་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་བྷ་ལིམ་བྷར་གྷི་(Bloomberg)གསར་ཁང་གིས། རྒྱ་ནག་དབུས་གཞུང་གིས་བཏང་བའི་གཞུང་འབྲེལ་ཡིག་ཆ་ཞིག་གི་ནང་། ཟླ་འདིའི་ཕྱི་ཚེས་ ༢༠ ནས་བཟུང་ལོ་འདིའི་ལོ་མཇུག་བར་རྒྱ་ནག་གི་གཞུང་འབྲེལ་རླུང་འཕྲིན་དང་བརྙན་འཕྲིན་ཁང་ཚང་མས་ཞོགས་པའི་ཆུ་ཚོད་ ༧ པ་ནས་རྒྱ་ནག་གི་རྒྱལ་གླུ་གཏོང་དགོས་པ་དང་། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གཙོའི་དུས་ཆེན་ཁག་ལ་རྒྱལ་ཞེན་དང་འབྲེལ་བའི་བྱ་འགུལ་མང་པོ་སྤེལ་ཏེ་ན་གཞོན་ཚོ་འཛུལ་ཞུགས་ཡོང་ཐབས་བྱ་རྒྱུ་ཡིན་པ་དང་། དེ་བཞིན་གཞུང་འབྲེལ་དབུས་བརྙན་འཕྲིན་ཁང་གིས་ཨེ་ཤ་ཡའི་གློག་བརྙན་ལེའུ་ཚན་ཞེས་པའི་གློག་བརྙན་སྟོན་རིམ་ཁག་ལ་བསྒྱུར་བཅོས་བཏང་སྟེ། དགོང་མོ་རྟག་པར་ཀོ་རི་ཡའི་དམག་འཁྲུག་སྐབས་ཀྱི་ཨ་རི་དང་རྒྱ་ནག་བར་གྱི་རྩོད་རྙོག་ལྡན་པའི་(Heroic Sons and Daughters)ཞེས་པའི་མུ་འབྲེལ་གློག་བརྙན་དེ་སྟོན་བཞིན་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་ཚོང་དམག་གིས་རྒྱ་ནག་ལ་གནོད་སྐྱོན་གང་ཡང་ཐེབས་མེད་ཚུལ་དང་། རྒྱ་ནག་གི་ཁྲོམ་རའི་དཔལ་འབྱོར་འཁོར་རྒྱུག་སྔར་བཞིན་ཡིན་སྐོར་སོགས་བརྗོད་བཞིན་ཡོད་ཀྱང་། རྒྱལ་སྤྱི་ཚོང་ལས་དང་དཔལ་འབྱོར་གསར་ཁང་ (CNBC) གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕྱོགས་ནས་རྒྱ་ནག་གི་དངོས་ཟོག་མང་པོར་རྒྱལ་ཁྲལ་སྤར་བར་བརྟེན། རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་གོང་ཚད་མར་ཟགས་ཏེ་རྒྱ་ནག་ཧྲང་ཧེ་དངུལ་འཛིན་ཉོ་ཚོང་ཁང་(Shanghai Composite)གཙོའི་རྒྱ་ནག་གི་དངུལ་འཛིན་ཉོ་ཚོང་ཁང་མང་པོའི་མ་རྐང་གོང་ཚད་མར་ལྷུང་བཞིན་པ་མ་ཟད། རྒྱ་ནག་གི་དངུལ་སྒོར་སྤྱིའི་རིན་ཐང་༢.༧ མར་ཟགས་ཡོད་པ་དང་། གནས་སྟངས་དེའི་འོག་ཡུན་རིང་སོང་བ་ཡིན་ན་རྒྱ་ནག་གི་དངུལ་ཁང་ཁག་གི་དངུལ་གྱི་འཁོར་རྒྱུག་བརྟན་འཇགས་མེད་པ་དང་། མི་མང་དཀྱུས་མའི་འཚོ་བ་དང་ལས་གཉེར་བ་ཚོའི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་ཐེབས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ཨ་རིས་རྒྱ་ནག་གི་དངོས་ཟོག་ཨ་སྒོར་ཐེར་འབུམ་ ༢༠༠ ལ་རྒྱལ་ཁྲལ་བརྒྱ་ཆ་ ༢༥ སྤར་ཡོད་པ་དང་། དེ་བཞིན་རྒྱ་ནག་གིས་ཨ་རིའི་ཕྱོགས་ནས་རྒྱལ་ཁྲལ་སྤར་བ་དང་འབྲེལ་ཨ་རིའི་དངོས་ཟོག་རིགས་མི་འདྲ་བ་ཨ་སྒོར་ཐེར་འབུམ་ ༦༠ ཙམ་གྱི་རིན་ཐང་ལ་རྒྱལ་ཁྲལ་བརྒྱ་ཆ་ ༥ ནས་ ༢༥ སྤར་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་དང་། དངོས་ཟོག་དེ་དག་ནང་གཙོ་བོ་གླང་ཤ་དང་། ཕག་ཤ ཚལ་རིགས་འདྲ་མིན། སྣུམ། ཇ་སོགས་ཚུད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༢༣

Leave a Reply