བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ཚོགས།

ཐེངས་འདིའི་ཉིན་གྲངས་གཅིག་རིང་གི་ཚོགས་འདུའི་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་ཕྲུག་རྣམས་ལ་རྒྱ་གར་གྱི་བོད་སློབ་ཁག་ཏུ་སློབ་སྦྱོང་བྱེད་པའི་མཐུན་འགྱུར་གནང་ཕྱོགས་སོགས་གྲོས་གཞི་ ༦ ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་གངས་སྐྱིད་ཤེས་རིག་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཉིན་གཅིག་རིང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཆོགས་གཞོན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས། དྷ་ས་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས། མ་སུ་རི་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས། དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསོད་ནམས་སྲི་གཅོད་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་བཅས་ཕེབས་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག་བལ་ཡུལ་གངས་ཅན་ཐེབས་རྩ་ཡི་སྐུ་ཚབ་བཅར་ཐུབ་མེད་པ་རེད།

ཚོགས་འདུ་དོན་སྨིན་ལྡན་པ་ཞིག་ཡོང་ཐབས་དགོས་སྐོར་ཤེས་རིག་བཀའ་བློན་མཆོག་གིས། ད་ལྟའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ནི་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༣ ནང་བཙན་བྱོལ་བོད་མིའི་སློབ་གྲྭའི་འགན་འཛིན་སྡེ་ཁག་གི་ཚོགས་འདུའི་སྐབས་ལྷན་ཚོགས་ཤིག་དགོས་མཁོ་མཐོང་ཡོད་པ་བཞིན་བཙུགས་པ་དང་། སྤྱིར་ལོ་ངོ་ ༦༠ ཙམ་གྱི་ནང་བོད་མིའི་སློབ་གྲྭ་ཁག་གིས་ཤེས་ཡོན་ཐད་ནུས་པ་མི་དམན་པ་ཞིག་བཏོན་ཡོད་ནའང་། འདས་པའི་ལོ་ ༡༠ ནས་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་གྲངས་ཉུང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་སློབ་གྲྭ་ཁག་ནང་བོད་རིགས་ཉུང་དུ་འགྲོ་བཞིན་ཡོད་པའི་གནས་སྟངས་ཆགས་ཡོད་པས་བོད་རིགས་ཚོར་མུ་མཐུད་ཚགས་ཚུད་པོས་སློབ་སྤྱོང་སྤྲོད་པ་དང་། ཕྱི་རྒྱལ་ཁག་ནང་འཚར་ལོངས་བྱུང་བཞིན་པའི་ཕྲུ་གུ་རྣམས་ལ་དེར་བོད་སྐད་ཡིག་དང་རིག་གཞུང་སྦྱོང་བའི་ཁོར་ཡུག་མེད་པ་དང་། རྒྱ་གར་ནང་ཁོང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་བའི་ཁོར་ཡུག་བསྐྲུན་ཐུབ་ཀྱི་མེད་པ་སོགས་ཀྱི་སྐོར་ལ་ཐད་ཀར་གྲོས་བསྡུར་དང་ཐག་གཅོད་གནང་ཐུབ་མཁན་ནི། ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཡིན་པས་ཚང་མས་སྤྱི་ལ་ཕན་པའི་ཐོག་དགོངས་པ་བཞེས་ཏེ་མཉམ་རུབ་དང་གསང་པོ། ལྷུག་པོ་དང་སྨིན་པོ་ཡོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་སྐོར་གསུངས།

ཉིན་གཅིག་རིང་གི་ཚོགས་འདུའི་ཐོག་སློབ་གྲྭ་ཁག་ཟླ་སྒྲིལ་གནང་ཕྱོགས་དང་། སློབ་སྡེ་ཁག་གི་བུད་མེད་ལས་བྱེད་རྣམས་ལ་ཕྲུ་གུ་བཙས་རྗེས་སྐྱེད་མའི་ཐོབ་ཐང་དང་ཕའི་ཐོབ་གསེང་མཐུན་རྐྱེན་གཅིག་གྱུར་གནང་ཐབས། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་ཕྲུག་རྣམས་ལ་རྒྱ་གར་གྱི་བོད་སློབ་ཁག་ཏུ་སློབ་སྦྱོང་བྱེད་པའི་མཐུན་འགྱུར་གནང་ཐབས། བོད་པའི་སློབ་གྲྭ་ཁག་གི་ནང་ཧི་མཱ་ལ་ཡའི་སློབ་ཕྲུག་སློབ་འཇུག་གནང་ཕྱོགས། བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་གཏན་ཉིན་སློབ་གྲྭ་ཁག་ནང་ལས་རིགས་སློབ་སྦྱོང་ཡར་རྒྱས་ཚགས་ཚུད་གཏོང་ཕྱོགས། གཏན་ཉིན་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་གི་བདེ་འཇགས་དང་འབྲེལ་བའི་སློབ་སྡེ་སོ་སོའི་འགན་འཁུར་གནང་ཕྱོགས་བཅས་གྲོས་གཞི་ཁག་ ༦ གི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།

གསར་འགོད་པས་འདས་པའི་དུས་སུ་བཙན་བྱོལ་བོད་པའི་སློབ་གྲྭ་ཟླ་སྒྲིལ་ཐད་ཚོགས་འདུ་རིམ་པ་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་བརྒྱུད་རེ་བ་གང་འདྲ་ཞིག་མཐོང་གི་ཡོད་མེད་དྲིས་པར་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས། སློབ་གྲྭ་སོ་སོས་ཟླ་སྒྲིལ་གཏོང་མགོ་བརྩམས་ཟིན་པ་དཔེར་ན་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་འགའ་ཟླ་སྒྲིལ་བཏང་ཡོད་པ་དང་མ་འོངས་པར་གཏོང་བའི་འཆར་གཞི་འདུག དེ་བཞིན་སཾ་བྷོ་ཊ་བོད་སློབ་ལ་ཆ་བཞག་ནའང་སློབ་གྲྭ་ཟླ་སྒྲིལ་གྱི་ལས་འཆར་བང་སྒྲིག་བཞིན་ཡོད་པ་རེད། ཡིན་ནའང་། ས་གནས་གཅིག་ལ་སློབ་གྲྭའི་སྡེ་ཁག་གཉིས་བྱུང་བའི་གནས་ཚུལ་ཡོང་གི་འདུག་པས། སྡེ་ཁག་གཅིག་གིས་འགན་འཁུར་ན་ཡག་པོ་མི་ཡོང་ངམ་བསམ་པ་ང་ཚོའི་བསམ་བློའི་ནང་ཡོད་པ་རེད། དེ་བས་ཚོགས་འདུ་འདིའི་ཐོག་ནས་མ་འོངས་པར་ཚོགས་ཆུང་ལྟ་བུ་ཞིག་ཡོད་པའི་ཐོན་ནས་ཚང་མས་མཉམ་རུབ་ཀྱིས་ལས་འཆར་ཐོག་ཤེས་རིག་གིས་འགན་འཁུར་ན་བསམ་གྱི་ཡོད། ཅེས་གསུངས་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༢༣

Leave a Reply