འགྲམ་གྱི་ཟམ་པ་སྒོ་ཕྱེ་གྲབས་ཡོད་ཟེར།

རྒྱ་ནག་གཞུང་གི་བོད་བལ་ས་མཚམས་འགྲམ་གྲོང་རྡལ་གྱི་ཟམ་པ་བསྐྱར་གསོ་འགྲུབ་ཀྱི་ཡོད་པས་ཟླ་འདིའི་ཟླ་མཇུག་ནས་སྒོ་ཕྱེ་རྒྱུ་ཡིན་ལུགས་བསྒྲགས་འདུག དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༥ ལོའི་བལ་ཡུལ་གྱི་ས་ཡོམ་ཆེན་མོའི་ཁྲོད་བོད་དང་བལ་ཡུལ་གྱི་མཐའ་མཚམས་འགག་སྒོ་འགྲམ་གྱི་ཟམ་པར་གནོད་སྐྱོན་ཆེན་པོ་ཐེབས་པར་བརྟེན། འདས་པའི་ཟླ་ ༨ ཙམ་རིང་ཟམ་པར་བསྐྱར་གསོ་བྱས་ཏེ་ཟླ་འདིའི་ཟླ་མཇུག་ཏུ་ཚོང་འདྲེན་སོགས་འགྲིམ་འགྲུལ་འགྲོ་འོང་བསྐྱར་དུ་སྒོ་ཕྱེ་རྒྱུ་ཡིན་ལུགས་བསྒྲགས་འདུག

བོད་ཀྱི་ཟམ་ལམ་འཛུགས་སྐྲུན་ཁང་(Tibet Tianshun Road and Bridge Co., Ltd)ཞེས་པ་ཞིག་གིས། ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་ནང་ས་ཡོམ་ཚད་རིམ་ ༨ ལྷག་ཅན་ཞིག་བྱུང་རྗེས། རྒྱལ་ཁབ་གཉིས་བར་གྱི་འགྲམ་མཛའ་བརྩེའི་ཟམ་པར་གནོད་སྐྱོན་ཐེབས་ཡོད་སྟབས། ཕྱོགས་གཉིས་བར་གྲོས་བསྡུར་བྱུང་པ་བརྒྱུད་ཕྱི་ལོ་ ༢༠༡༨ ལོར་ཟམ་པ་བསྐྱར་དུ་འཛུགས་སྐྲུན་བྱས་ཏེ། ད་ལྟའི་ཆར་ཟམ་པར་མཛེས་སྤྲས་མ་གཏོགས་གཞི་རྩའི་འཛུགས་སྐྲུན་ཡོངས་སུ་གྲུབ་ཟིན་ཡོད་པས། ཟླ་འདིའི་ཟླ་མཇུག་ཏུ་འགྲིམ་འགྲུལ་ཤར་གཏོང་མགོ་འཛུགས་རྒྱུ་ཡིན། ཞེས་བརྗོད་འདུག

བོད་བལ་ས་མཚམས་འགྲམ་གྱི་བལ་ཡུལ་ཁོངས་གཏོགས་ར་སོ་གྷ་དྷི་(Rasuwgadhi)རྫོང་གི་སྤྱི་ཁྱབ་རྫོང་དཔོན་ཁུ་རེ་ཤི་ན་པྰ་ཌིལ་(Krishna Paudel)གྱིས། ཟམ་པ་འཛུགས་སྐྲུན་གྱི་ལས་གཞིར་རྒྱ་ནག་གིས་འགན་འཁུར་གྱི་ཡོད་ལ། ཟམ་པ་དེ་ནི་བལ་ཡུལ་དང་རྒྱ་ནག་འབྲེལ་བའི་ཟམ་པ་གལ་ཆེན་ཞིག་ཆགས་ཡོད། ཅེས་བརྗོད་འདུག

བོད་དང་བལ་ཡུལ་ས་མཚམས་འགྲམ་གྱི་མཛའ་བརྩེའི་ཟམ་པ་ཟེར་བ་དེ་ཕྱི་ལོ་ ༡༩༦༤ ལོར་གསར་དུ་བཟོས་ཏེ། རྒྱ་ནག་གཞུང་གིས་རྒྱལ་ལམ་ཨང་ ༣༡༨ པ་ཞེས་ནུབ་ཕྱོགས་ཀྱི་འགག་སྒོ་གནད་འགག་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར།  འགག་སྒོ་དེ་བརྒྱུད་ནས་འདས་ལོ་ངོ་ ༥༠ ཙམ་རིང་རྒྱ་ནག་དང་བལ་ཡུལ་བར་གྱི་ཚོང་དང་ཆབ་སྲིད་ཀྱི་འབྲེལ་ལམ་བཙུགས་ཡོད་པ་དང་།  བོད་མི་མང་པོ་ཞིག་ཀྱང་འགྲམ་འགག་སྒོ་དེ་བརྒྱུད་ནས་སྐྱབས་བཅོལ་དུ་བསླེབས་ཡོད་པ་དང་། ད་ལན་ཟམ་པ་བསྐྱར་གསོ་བྱས་ཏེ་སྔར་རྒྱུན་ལྟར་སྒོ་ཕྱེ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་འགྲུལ་བ་འགྲོ་འོང་ཙམ་མ་གཏོགས་སྔོན་ཆད་ལྟར་ཚོང་འདྲེན་ཤུགས་ཆེན་ཡོང་རྒྱུ་མིན་པའང་བརྗོད་འདུག

ཡང་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་དེའི་ནང་། ཕྱི་ལོ་ ༢༠༡༥ ལོར་ས་ཡོམ་ཆེན་པོ་བྱུང་རྗེས་འགྲམ་གྲོང་རྡལ་གྱི་ཡུལ་མི་རྣམས་གཞིས་ཀ་རྩེ་རུ་གནས་སྤོ་དགོས་བྱུང་ཡོད་པ་དང་། ས་མཚམས་ཀྱི་ལྟ་སྲུང་དམག་སྒར་ཡང་གནས་སྤོ་དགོས་བྱུང་ཡོད་སྐོར་བརྗོད་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་སུ་གནས་སྡོད་བོད་གཞིས་ཀ་རྩེ་ནས་ཡིན་པའི་སྐལ་བཟང་ལྷ་མོ་ལགས་ཕྱི་ལོ་ ༢༠༡༥ ལོར་བོད་ནང་ལ་གཉེན་འཕྲད་དུ་ཕྱིན་ཏེ། ལོ་གཅིག་ལྷག་འགོར་རྗེས་ཕྱིར་བལ་ཡུལ་ནང་འབྱོར་བ་དང་བསྟུན། འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་བལ་ཡུལ་ས་གནས་གསར་འགོད་པས་ཁོང་མོར་བཅར་འདྲི་བྱེད་སྐབས། རྒྱ་ནག་གཞུང་གིས་འགྲམ་གྲོང་རྡལ་གྱི་ཁྱིམ་ཚང་ཁ་ཤས་ཤིག་གཞིས་ཀ་རྩེ་རུ་གནས་སྤོར་དུ་བཅུག་ཡོད་པ་དང་། ཁོང་ཚོའི་ས་ཁང་སོགས་འགྲམ་དུ་ཡོད་ཀྱང་གང་འདོད་ལྟར་འགྲམ་དུ་འགྲོ་རུ་འཇུག་གི་མེད་པ་དང་། རྒྱ་ནག་གཞུང་གི་གོ་སྒྲིག་འོག་ཟླ་ངོ་ཁ་ཤས་ཀྱི་མཚམས་སུ་དུད་ཁྱིམ་རེ་ནས་མི་གཉིས་རེ་འགྲམ་དུ་ཡོད་པའི་སོ་སོའི་ཁང་པར་ལྟ་རུ་འགྲོ་ཆོག་གི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༢༣

Leave a Reply