སྲིད་བློན་མུ་དྷི་མཆོག་གི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ཁྲོད་སྲིད་བློན་མུ་དྷི་མཆོག་གིས་དབུ་འཁྲིད་པའི་བྷི་ཇི་པི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག
དེ་རིང་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་ ༡༧ པའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོའི་འོས་གྲངས་རྩིས་བཤེར་ཀྱི་གྲངས་ཐོ་ཕྱིར་བསྒྲགས་གནང་ཡོད་པ་དང་།  རྒྱ་གར་གྲོས་ཚོགས་འོག་མའི་ནང་ཁྱོན་ཞབས་བཀྱག་ ༥༤༣ ཡོད་པའི་ཁྲོད། ད་ལྟའི་ཆར་རཱ་ཧུལ་གྷན་དྷི་ལགས་ཀྱིས་དབུ་འཁྲིད་པའི་ཀོང་རེ་སི་སྲིད་དོན་ཚོགས་པར་ཞབས་བཀྱག་ ༥༢ ལྷག་དང་། མཉམ་འབྲེལ་སྲིད་དོན་ཚོགས་པ་གཞན་དག་ལ་ཞབས་བཀྱག་གྲངས་ ༩༨ ། སྲིད་བློན་མུ་དྷི་མཆོག་གིས་དབུ་འཁྲིད་པའི་བྷི་ཇི་པི་སྲིད་དོན་ཚོགས་པར་ཞབས་བཀྱག་ ༣༠༣ ལྷག་ཐོབ་སྟེ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག་ལ། འོས་གྲངས་ཞིབ་བཤེར་ད་དུང་མུ་མཐུད་འགྲོ་བཞིན་ཡོད་ཀྱང་དེ་རིང་ཉིན་རྒྱབ་ཏུ་སྲིད་བློན་མུ་དྷི་མཆོག་གིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་གར་ལ་བསྐྱར་དུ་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་དང། ང་ཚོ་མཉམ་འབྲེལ་ཐོག་གཅིག་སྒྲིལ་དང་སྟོབས་ཤུགས་ལྡན་པའི་རྒྱ་གར་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་མ་ཟད། དོ་ནུབ་ཕྱི་དྲོ་རྒྱལ་ས་ལྡི་ལིའི་བྷི་ཇི་པི་སྲིད་དོན་ཚོགས་པའི་ལས་ཁུངས་ལྟེ་གནས་སུ་འོས་བསྡུའི་རྒྱལ་ཁའི་གཏམ་བཤད་ཅིག་ཀྱང་གནང་ཡོད་འདུག

སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་འོས་གྲངས་ཐད་ཁྱད་པར་ཆེན་པོ་ཤོར་སྟེ་བྷི་ཇི་པི་སྲིད་དོན་ཚོགས་པར་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་ངེས་གཏན་བྱུང་རྗེས། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་བློན་དང་སྲིད་འཛིན་རྣམ་པས་སྲིད་བློན་མུ་དྷི་མཆོག་ལ་འཚམས་འདྲི་གནང་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། སྲིད་བློན་ན་རན་དྷ་ར་མུ་དྷི་མཆོག་གང་ཉིད་དང་གང་ཉིད་ཀྱིས་དབུ་འཁྲིད་པའི་རྒྱ་གར་གྱི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་ཡི་ཡོད།  འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཏེ། རྒྱ་གར་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་ཅིག་ལ་འགྱུར་བཞིན་པར་ངོས་རང་དགའ་སྤོབས་ཆེན་པོ་བྱུང་། རྒྱ་གར་ནི་གནའ་བོའི་རླབས་ཆེན་གྱི་སྤྱི་ཚོགས་དཔལ་ཡོན་ལྡན་པ་དང་ཐུན་མོང་མ་ཡིན་པ།  སྙིང་རྗེ།  འཚེ་བ་མེད་པའི་སྤྱོད་པ་དང་བྱམས་བརྩེའི་ཀུན་སློང་བཅས་ལ་གཞི་རྟེན་བཅོལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན། ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་།  ཟླ་བ་སྔོན་མར་ངོས་རང་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་ལོ་ ༦༠ འཁོར་བ་དང་། ངོས་ནས་ད་རེས་ཀྱི་གོ་སྐབས་དང་བསྟུན་ནས་བོད་མི་དམངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་ཆེ་ཞེས་ཞུ་ཡི་ཡོད།   རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་རིག་གཞུང་གཅེས་འཛིན་ཐུབ་ཡོད། ཅེས་གསུངས་འདུག

ཀོང་རི་སི་སྲིད་དོན་ཚོགས་པའི་མགོ་འཁྲིད་རཱ་ཧུལ་གྷན་དྷི་ལགས་ཀྱིས།  ཀོང་རི་སི་ཚོགས་པའི་ལས་མི་དང་རྒྱབ་སྐྱོར་བ་ཚོ་ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་སེམས་ཤུགས་ཆག་མི་ཉན་པ་དང་། ང་ཚོས་མུ་མཐུད་འཐབ་རྩོད་བྱ་རྒྱུ་ཡིན་ལ། ལས་དོན་ཡག་པོ་སྒྲུབ་ནས་བསམ་བློའི་ནང་རྒྱལ་ཁ་ཐོབ་པ་བྱེད་དགོས་པ་དང་། རྒྱ་གར་མི་མང་གིས་མུ་དྷི་མཆོག་བསྐྱར་དུ་སྲིད་བློན་ལ་བདམས་ཡོད་པ་ལྟར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཀོང་རི་སི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་རཱ་ཧུལ་གྱི་གཅུང་མོ་པིར་ཡན་ཀཱ་གྷན་དྷི་ཡིས་ཀྱང་ང་ཚོའི་ངོས་ནས་མི་མང་གི་གདམ་ཀ་ལ་གུས་བརྩི་དང་། སྲིད་བློན་མུ་དྷི་དང་བྷི་ཇི་པི་སྲིད་དོན་ཚོགས་པའི་རྒྱལ་ཁ་ལ་འཚམས་འདྲི་ཞུ་བཞིན་ཡོད་སྐོར་བརྗོད་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༨ ནས་རྒྱལ་ཡོངས་ཀྱི་འོས་གྲངས་ཞིབ་བཤེར་གནང་མགོ་བཙུགས་ཡོད་པ་དང་། སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ནས་རྒྱ་གར་གྱི་ས་ཕྱོགས་འདྲ་མིན་ནས་བྷི་ཇི་པི་སྲིད་དོན་ཚོགས་པའི་རྒྱབ་སྐྱོར་བ་ཚོ་མངའ་སྡེ་སོ་སོའི་ལས་ཁུངས་ལྟེ་གནས་དང་ཁྲོམ་གཞུང་དུ་འཛོམས་ཏེ།  དགའ་འབོད་དང་རྟེན་འབྲེལ་གྱི་བྱ་འགུལ་སྣ་མང་སྤེལ་བཞིན་ཡོད་པ་མ་ཟད། མི་མང་པོ་ཞིག་ཆེད་དུ་རྒྱ་གར་རྒྱལ་ས་ལྡི་ལིར་འཛོམས་ནས་རྟེན་འབྲེལ་གྱི་མཛད་སྒོ་བསྡུ་བར་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ལྡི་ལིའི་བྷི་ཇི་པི་སྲིད་དོན་ཚོགས་པའི་ལས་ཁུངས་ལྟེ་གནས་སུ་ཟ་མ་དང་མངར་ཟས་རིགས་སོགས་གྲ་སྒྲིག་བྱས་ཏེ་དགའ་སྟོན་ལ་རོལ་གྱི་འདུག

ཕྱི་ལོ་ ༢༠༡༤ ལོར་བྷི་ཇི་པི་སྲིད་དོན་ཚོགས་པར་གྲོས་ཚོགས་འོག་མའི་ཞབས་བཀྱག་ ༢༨༢ ཐོབ་སྟེ་ཀོང་རེ་སི་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་དང་། སྐབས་དེར་ཆབ་སྲིད་དབྱེ་ཞིབ་པ་ཚོས་མུ་དྷིའི་སྲིད་དོན་ཚོགས་པར་རྒྱལ་ཁ་ཤུགས་ཆེན་པོ་ཐོབ་དགོས་དོན་གཙོ་བོ་ནི། ཀོང་རི་སི་སྲིད་དོན་ཚོགས་པའི་གཞུང་འཛིན་སྐབས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཆེན་པོ་བྱུང་བའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཡོད་པ་དང་། སྐབས་དེའི་དྲིལ་བསྒྲགས་གཏམ་བཤད་ནང་མུ་དྷི་མཆོག་གིས་ལྐོག་ཟ་རུལ་སུངས་གཏན་འགོག་དང་ལས་མེད་མང་པོར་ལས་ཀའི་ས་མིག་སྟོང་ཕྲག་མང་པོ་བསྐྲུན་རྒྱུ་ཡིན་པ་སོགས་གསུངས་ཡོད་སྟབས། མི་མང་གིས་བྷི་ཇི་པི་ལ་རེ་བ་ཆེན་པོས་རྒྱབ་སྐྱོར་བྱས་ཡོད་ཀྱང་། གཞུང་འཛིན་ཁ་གཏད་ཚོགས་པ་ཁག་ནས་མུ་དྷི་གཞུང་གིས་ལས་མེད་མང་པོར་ལས་ཀའི་གོ་སྐབས་བསྐྲུན་ཐུབ་རྒྱུ་ཕར་ཞོག  ལོ་རེ་བཞིན་རྒྱ་གར་ནང་ལས་མེད་ཀྱི་གྲངས་ཀ་འཕར་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་མང་པོས་འདི་ལོར་བསྐྱར་དུ་མུ་དྷི་གཞུང་ལ་རྒྱལ་ཁ་འཐོབ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱས་ཡོད་ཀྱང་། ཚོད་དཔག་ལས་བརྒལ་ཏེ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།

འདི་ལོར་ཀོང་རེ་སི་ཚོགས་པས་འོས་བསྡུའི་དྲིལ་བསྒྲགས་སྐབས། བྷི་ཇི་པི་ཚོགས་པ་དེ་ཕྱུག་པོའི་ཆེད་ཡིན་པ་དང་ཀོང་རེ་སི་ནི་ནམ་ཡང་དབུལ་ཕོངས་མི་མང་གི་ཆེད་དུ་ཡིན་པས། གལ་ཏེ་ད་ལོར་ཚོགས་པ་དེར་རྒྱལ་ཁ་ཐོབ་ནས་གཞུང་འཛིན་ཚོགས་པ་ཆགས་ཚེ། རྒྱལ་ཡོངས་ཀྱི་དབུལ་ཕོངས་མི་མང་ཁྲོད་ཀྱི་བརྒྱ་ཆ་ ༢༠ ཡི་དངུལ་ཁང་ནང་ལོ་རེར་ཧིན་སྒོར་ ༧༢,༠༠༠ རེ་འཇུག་རྒྱུ་སོགས་ཁས་ལེན་བྱས་ཡོད་ཀྱང་། ད་ལན་ཡང་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་རེད།  སྲིད་དོན་དབྱེ་ཞིབ་པ་ཚོས་ཀོང་རི་སི་ཚོགས་པས་འདས་པའི་གཞུང་འཛིན་སྐབས་ལྐོག་ཟ་རུལ་སུངས་ཤུགས་ཆེན་བྱས་པའི་ནད་རྙིང་དང་། མང་ཚོགས་སྐྱོ་བོ་དང་ཞིང་བ་ཚོས་ཁེ་ཕན་ལ་དེ་ཙམ་ལྟ་སྐྱོང་མ་བྱས་པར་བཟའ་བཅའི་རིགས་ལ་གོང་ཆེན་པོ་སྤར་ཏེ་མང་ཚོགས་ཀྱི་འཚོ་བར་བརྡབ་གསིག་བཏང་ཡོད་སྐོར་དང་། རྒྱ་གར་ལ་ཡུན་རིང་ནས་པཱ་ཀི་སི་ཐན་དང་རྒྱ་ནག་གི་མཐའ་མཚམས་རྩོད་རྙོག་རྒྱུན་མ་ཆད་པར་བྱུང་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་སྐབས་བྷི་ཇི་པི་སྲིད་དོན་ཚོགས་པས་རྒྱ་གར་གྱི་བདེ་སྲུང་དང་འཇིགས་སྐུལ་བར་ཕལ་རྒོལ་སོགས་རྒྱལ་ཞེན་གྱི་ལྟ་བ་ཤུགས་ཆེན་བསྒྲགས་ཏེ་མི་མང་ནང་སེམས་འགུལ་ཆེན་པོ་ཐེབས་བཅུག་ཡོད་པར་བརྟེན། ཀོང་རི་སེ་ལ་བསྐྱར་དུ་ཕམ་ཁ་ཆེན་པོ་སྤྲད་ཡོད་སྐོར་བརྗོད་ཀྱི་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། སྲིད་བློན་ནཱ་རན་ཌ་མུ་དྷི་མཆོག་ནི། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༩ ཚེས་ ༡༧ ཉིན་གྷོ་ཇི་རཱ་ཊིའི་ཟས་རིགས་འཚོང་མཁན་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོང་ཆུང་དུས་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་སུ་ཇ་འཚོང་ཞོར་དུ་སློབ་ཆུང་མཐར་ཕྱིན་ཡོད་པ་དང་། དགུང་ལོ་ ༡༨ སྟེང་ཆང་ས་བརྒྱབས་ཡོད་འདུག ཕྱི་ལོ་༡༩༧༠ ལོར་གྷོ་ཇི་རཱ་ཊིའི་མེ་འཁོར་གྱི་ཐབ་ཚང་ཞིག་ཏུ་ལས་ཀ་བྱས།  ཕྱིས་སུ་ཡིག་འབྲེལ་ལམ་ནས་ལྡི་ལི་མཐོ་སློབ་ནས་སྲིད་དོན་ཚན་རིག་གི་རིག་གནས་རབ་འབྱམས་པའི་ལག་འཁྱེར་དང་གྷོ་ཇི་རཱ་ཊིའི་གཙུག་ལག་སློབ་ཆེན་ནས་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་ཡོད་འདུག ཕྱི་ལོ་ ༡༩༩༥ ལོར་བྷི་ཇི་པི་སྲིད་དོན་ཚོགས་པའི་དྲུང་ཆེར་བདམས་ཐོན་བྱུང་སྟེ། ཧི་མ་ཅལ་དང་ཧར་ཡཱ་ནཱ་མངའ་སྡེའི་ནང་སྲིད་དོན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་གྷོ་ཇི་རཱ་ཊིའི་གྲོས་ཚོགས་ནང་བདམས། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་གྷོ་ཇི་རཱ་ཊི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་གར་གྱི་སྐབས་ ༡༦ པའི་སྲིད་བློན་གྱི་ཕྱག་ལས་གནང་ཡོད་པ་དང་།  འདི་ལོར་སླར་ཡང་བྷི་ཇི་པི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཁོང་སྐབས་ ༡༧ པའི་སྲིད་བློན་ཆགས་རྒྱུ་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༢༣

Leave a Reply

3 thoughts on “སྲིད་བློན་མུ་དྷི་མཆོག་གི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ།