༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་དགོས་པའི་འབོད་སྐུལ་གནང་།

ཐའེ་ཝན་གྱི་སྲིད་དོན་དང་འབྲེལ་བའི་ཚོགས་པ་གསུམ་གྱི་མགོ་འཁྲིད་ལྷན་འཛོམས་ཐོག་ཕྱི་ལོ་ ༢༠༢༠ ལོའི་ཐའེ་ཝན་གཞུང་འཛིན་གསར་པའི་འོས་བསྡུའི་ཁྲོད་༧གོང་ས་མཆོག་ཡུལ་དེའི་ནང་གདན་འདྲེན་ཞུ་ཐུབ་མིན་གསལ་པོ་བཟོ་དགོས་སྐོར་བརྗོད་འདུགཁ་སང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ནང་ཐའེ་ཝན་རྒྱལ་ཡོངས་ཚོགས་པ་ (Taiwanese National Congress) པའི་ཚོགས་གཙོ་ཊི་ལོ་ (Ted Lau) དང་ཐའེ་ཝན་འདྲི་གཅོད་རོགས་འདེགས་ལྷན་ཚོགས་ (Taiwan Jury Association) ཀྱི་འགན་འཛིན་ལིན་ཕིན་ཁྲིན་ (Lin Ping-chuan)། དེ་བཞིན་ཁྲིམས་རྩོད་པའི་ངོ་ཚབ་ཇེ་རི་ཁྲིན་ (Jerry Cheng) བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྔོན་མའི་ཐའེ་ཝན་གྱི་སྲིད་འཛིན་ཚང་མས་༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུས་ཡོད་པ་དང་།  ལྕམ་ཚའེ་ཡེན་ཝིན་མཆོག་གིས་སྲིད་དབང་བཟུང་སྟེ་ལོ་གསུམ་ཕྱིན་ཡོད་ཀྱང་༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་ཐུབ་མེད་སྐོར་བརྗོད་འདུག

གསར་འགོད་གསལ་བསྒྲགས་སྐབས་ཁྲིམས་རྩོད་པའི་ངོ་ཚབ་ཇེ་རི་ཁྲིན་(Jerry Cheng) ལགས་ཀྱིས། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཅིའི་ཕྱིར་ཐའེ་ཝན་ནང་ཕེབས་ཐུབ་ཀྱི་མེད་པ་རེད། སྲིད་འཛིན་ཚའེ་ཡེན་ཝིན་ (Tsai ing-wen) ལགས། འདི་ནི་ཁྱེད་ཀྱི་བག་འཁུམ་དང་རྒྱ་ནག་ལ་ཞེད་སྣང་སྐྱེས་པའི་རྒྱུ་མཚན་གྱིས་ཡིན་ནམ། རྒྱལ་སྤྱིའི་སྟེང་ནས་ཐའེ་ཝན་ལ་དོ་སྣང་དེ་ཙམ་སླེབ་ཀྱི་མེད་ཀྱང་།  ང་ཚོས་བོད་དང་ཡུ་གུར་ལ་མཉམ་འབྲེལ་ཤུགས་ཆེ་རུ་བཏང་སྟེ། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་གལ་ཆེན་རང་བཞིན་གྱི་གནད་དོན་གཞན་ལ་ཤུགས་སྣོན་རྒྱག་ཐུབ་དགོས་པ་རེད། ཅེས་བརྗོད་འདུག

ཡང་ཁོང་གིས། ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་མི་རྣམས་ལ་༧གོང་ས་མཆོག་ཐའེ་ཝན་ལ་གདན་འདྲེན་ཐུབ་མིན་གྱི་ལངས་ཕྱོགས་ཁ་གསལ་བཟོ་རྒྱུ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༢༠ ལོའི་སྲིད་འཛིན་འོས་བསྡུའི་ཁྲོད་ཚའེ་ཡེན་ཝིན་མཆོག་གི་ཁ་གཏད་འོས་མི་གཙོ་བོ་སྲིད་བློན་ཟུར་པ་ཝེ་ལིམ་ལེ་ (William Lai) ལགས་ལ་གལ་སྲིད་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་འཐོབ་ཚེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐའེ་ཝན་ལ་གདན་འདྲེན་ཞུ་འདོད་ཡོད་མེད་སོགས་ཀྱི་ལངས་ཕྱོགས་ཅི་ཡོད་གསལ་ཁ་བཟོ་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

ཐའེ་ཝན་རྒྱལ་ཡོངས་ཚོགས་པའི་ཚོགས་གཙོ་ཊི་ལོ་(Ted Lau) ལགས་ཀྱིས། ཐའེ་ཝན་མི་མང་ཕལ་མོ་ཆེའི་བསམ་བློའི་ནང་གོ་མིན་ཏང་གི་ཤེས་ཡོན་སྲིད་བྱུས་རྙིང་པ་དང་། པེ་ཅིན་གྱིས་འཁྱོག་བརྗོད་བྱས་པའི་བོད་ཀྱི་ལོ་རྒྱུས་ཡོད་ཀྱང་།  བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ནམ་ཡང་མིན་པ་དང་སྔོན་ཆད་རྒྱ་ནག་གི་དབང་ཚད་བོད་ལ་བསླེབས་མྱོང་མེད་པས། ཚའེ་ཡེན་ཝིན་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་ཞིག་གི་མཚན་ཐོག་ནས་བོད་དང་སོག་པོ་གཉིས་རྒྱ་ནག་གི་མངའ་ཁོངས་མིན་པ་འཛམ་གླིང་ལ་བསྒྲག་དགོས་ཀྱི་ཡོད་ཀྱང་།  སྲིད་འཛིན་གྱི་ལས་འཁུར་ཞུས་པ་ནས་རྒྱ་ནག་ལ་ཞེད་ཀྱི་ཡོད་པ་དང་། མ་འོངས་པར་སྲིད་བློན་ཟུར་པ་ཝེ་ལིམ་ལེ་ (William Lai) ལགས་ལ་འོས་འཐོབ་པ་ཡིན་ན། གནད་དོན་འདི་ཚོའི་ཐོག་ལངས་ཕྱོགས་གཏན་པོ་བཟུང་ནས་འཛམ་གླིང་ལ་གསལ་ཁ་བཟོ་བའི་རེ་བ་ཡོད་སྐོར་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་བགྲེས་པོར་ཕེབས་བཞིན་པས་ས་ཐག་རིང་བོར་ཆིབས་བསྒྱུར་སྐྱོང་བར་སྐུ་ངལ་ཡོད་སྟབས། ཐའེ་ཝན་གཞུང་ནས་གང་མགྱོགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་ཐབས་དགོས་སྐོར་འབོད་སྐུལ་གནང་འདུག

འདི་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན། ཐའེ་ཝན་གྱི་ནུས་སྟོབས་གསར་པའི་སྲིད་དོན་ཚོགས་པ་ (New Power Party) འཛུགས་མཁན་གྲས་དང་གྲོས་ཚོགས་འཐུས་མི་ཧྥི་རའེ་ཌི་ལིམ་ (Freddy Lim) ལགས་ཀྱིས་སྣེ་འཁྲིད་དེ། ༧གོང་ས་མཆོག་འདི་ལོར་ཐའེ་ཝན་ནང་གདན་འདྲེན་ཞུ་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་མགོ་འཛུགས་བྱས་ཡོད་པ་དང་། ཟླ་དེའི་ཕྱི་ཚེས་ ༧ ཉིན་ཐའེ་ཝན་གྱི་དམངས་གཙོ་འཕེལ་རྒྱས་ཚོགས་པའི་དྲུང་ཆེ་ལོ་ཝན་ཇཱ་ (Lo Wen-jia) ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐའེ་ཝན་ལ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༡༩༩༧ ལོར་གོ་མིན་ཏང་ཚོགས་པའི་གཞུང་ཏེ་སྲིད་འཛིན་ལི་ཏུན་ཧེ་ (Lee Teng-hui) ཡི་སྐབས་སུ་༧གོང་ས་མཆོག་ཐེངས་དང་པོར་ཐའེ་ཝན་ནང་གདན་འདྲེན་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ལོར་དམངས་གཙོ་ཡར་སྐུལ་ཚོགས་པའི་ (Democratic Progressive party) གཞུང་སྲིད་འཛིན་ཁྲིན་ཧྲུ་པིན་ (Chen Shui-bian) གྱི་སྐབས་དང་། དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་ཐའེ་ཝན་ནང་མཚོ་རླུང་དྲག་པོ་བྱུང་སྟེ་མི་གྲངས་ ༨༠༠ ཙམ་རྐྱེན་འདས་སུ་ཕྱིན་རྗེས།  གནོད་འཚེ་ཐེབས་པའི་འདས་གསོན་ལ་ཐུགས་སྨོན་གནང་ཆེད་སྐབས་དེའི་གོ་མིན་ཏང་ཚོགས་པའི་གཞུང་ཏེ་སྲིད་འཛིན་མཱ་ཡུན་ཇོའུ་ (Ma Ying-jeou) ཡི་སྐབས་སུ་གདན་འདྲེན་ཞུས་ཡོད་པ་རེད།སྐབས་དེར་རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་གིས། ཐའེ་ཝན་དམངས་གཙོ་ཡར་སྐུལ་ཚོགས་པར་ཡུན་རིང་ནས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བཞིན་པའི་ཏཱ་ལའི་བླ་མ་ཐའེ་ཝན་ནང་སྐྱོད་པར་བརྒྱུད་སྐུལ་བྱེད་པའི་ཀུན་སློང་ཡོད་པ་དང་། ཏཱ་ལའི་བླ་མའི་ཐའེ་ཝན་ནང་གི་སྐོར་སྐྱོད་དེས་ཐའེ་ཝན་དང་སྐམ་ས་ཆེན་མོ་གཉིས་བར་གྱི་འབྲེལ་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ངེས་ཡིན་ལ།  ང་ཚོས་གནད་དོན་འདིར་བློ་རྩ་གཏན་པོས་དགག་བྱ་བྱེད་ཀྱི་ཡོད། ་ང་ཚོའི་ལངས་ཕྱོགས་བརྟན་པོ་དང་ཁ་གསལ་ཡིན། ཞེས་སྐྱོན་བརྗོད་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་ཐའེ་ཝན་གྱི་ནུས་སྟོབས་གསར་པའི་གྲོས་ཚོགས་འཐུས་མི་ཧྥི་རའེ་ཌི་ལིམ་ (Freddy Lim)ལགས་དང་། དམངས་གཙོ་ཡར་སྐུལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཁོ་ལཱ་སི་ཡོ་ཊ་ཁཱ་(Kolas Yotaka) ལགས་གཉིས་ཀྱི་གཙོས་ཚོགས་ཆུང་ཞིག་རྒྱ་གར་ནང་ཕེབས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་མ་ཟད། ཁོང་ཐའེ་ཝན་ནང་ཕེབས་པའི་གསོལ་འདེབས་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་ནས་༧གོང་ས་མཆོག་གདན་འདྲེན་ཞུ་མི་ཆོག་པའི་ཉེན་བརྡ་བཏང་བ་སོགས་ཀྱིས་ཕེབས་ཐུབ་མེད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༢༤

Leave a Reply

One thought on “༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་དགོས་པའི་འབོད་སྐུལ་གནང་།

  1. གོང་ས་མཆོག་གདན་འདྲེན་ཞུ་ཐུབ་དང་མ་ཐུབ་ཟེར་བ་ཆབ་སྲིད་ཀྱི་ལག་ཆ་མི་འགྱུར་བ་ཕྱིར་ནང་ཀུན་གྱི་ངེས་པར་དུ་ཡིད་ཟབ་བྱེད་དགོས་།