ཨ་རིའི་གཞུང་ཚབ་ཆེན་མོའི་འབོད་སྐུལ་ལ་སྐྱོན་བརྗོད་བྱས།

ཨ་རིའི་གཞུང་ཚབ་ཆེན་མོས་རྒྱ་ནག་གཞུང་ངོས་ནས་བོད་འབྲེལ་དཀའ་རྙོག་སེལ་ཆེད་༧གོང་ས་རྒྱལ་བ་རིན་པོ་ཆེའམ་ཁོང་གི་སྐུ་ཚབ་ལྷན་དུ་གྲོས་མོལ་བྱེད་དགོས་པའི་སྐུལ་མ་གནང་འདུགརྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་དང་དུས་བབ་དུས་དེབ་(Times Magazine)སོགས་རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༥ བར་གྱི་བདུན་ཕྲག་གཅིག་ཙམ་རིང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རི་བྷ་རན་སི་ཊ་ཌི་(Terry Branstad)ལགས་ཀྱིས། བོད་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ནང་གཟིགས་སྐོར་གནང་རྗེས། རྒྱ་ནག་གཞུང་གིས་བོད་འབྲེལ་དཀའ་རྙོག་སེལ་ཆེད་༧གོང་ས་རྒྱལ་བ་རིན་པོ་ཆེའམ་ཁོང་གི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་དགོས་སྐོར་གསུངས་པ་དེར། རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་གསར་འགྱུར་བརྒྱུད་ལམ་ནས་ཁ་རྡུང་བཏང་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཁང་གིས་སྤེལ་བའི་བསྒྲགས་གཏམ་ནང་། སྐུ་ཞབས་བྷ་རན་སི་ཊ་ཌི་ལགས་ཀྱིས་རྒྱ་ནག་གཞུང་ངོས་ནས་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་ལྷན་དུ་དངོས་འབྲེལ་གྱི་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་སྐུལ་མ་བཏང་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་འདུ་འཛོམས་རང་དབང་དང་ཆོས་ལུགས་ཉམས་ལེན་ལ་ཐེ་བྱུས་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་བརྗོད་ཡོད། ཅེས་སོགས་གསུངས་འདུག

ད་ལྟའི་ཆར་ཨ་རིའི་གཞུང་ཚབ་ཁང་གི་བོད་སྐྱོད་བསྒྲགས་གཏམ་ཐད་རྒྱ་ནག་གཞུང་ཕྱོགས་ནས་གསར་འགོད་ལྷན་ཚོགས་སོགས་ཀྱི་ཐོག་ནས་ལན་འདེབས་སྐྱོན་བརྗོད་སོགས་བྱས་པ་མཐོང་རྒྱུ་མི་འདུག་ཀྱང་། ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་(Global Times)ཟེར་བའི་ནང་དེ་དང་འབྲེལ་གྱི་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་དཔྱད་བརྗོད་པ་འགའ་ཤས་ཀྱིས་ཨ་རིའི་གཞུང་ཚབ་ཆེན་མོ་བྷ་རན་སི་ཊ་ཌི་ལགས་ཀྱིས་སྤེལ་བའི་གཞི་མེད་ཀྱི་སྐད་ཆ་དེ་དག་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

དེ་བཞིན་རྒྱ་ནག་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཚོགས་(Ethnic and Religious Affairs Committee of the National Committee of the Chinese People’s Political Consultative Conference)ཀྱི་མགོ་འཁྲིད་ཀྲུའུ་ཝེ་ཆིན་ཟེར་བ་དེས། ཨ་རིའི་གཞུང་ལ་རྒྱ་ནག་གཞུང་ནས་སོ་སོའི་ནང་སྲིད་གང་འདྲ་འཛིན་སྐྱོང་དགོས་མིན་ཐད་ལམ་སྟོན་བྱེད་པའི་ཐོབ་ཐང་མེད། ཅེས་དང་། ཏཱ་ལའི་བླ་མ་དང་གྲོས་མོལ་བྱེད་ཟེར་བ་དེར་ཤེས་དགོས་པ་ཞིག་ནི་རྒྱལ་ཁབ་གཅིག་གི་དབུས་གཞུང་དང་ས་གནས་ཀྱི་ཁ་བྲལ་བའི་མགོ་འཁྲིད་གཅིག་དང་གྲོས་མོལ་བྱེད་ཟེར་བ་ཡིན། དེར་བརྟེན། བོད་ཀྱི་བདག་དབང་དང་གཞུང་འཛིན་ཐད་གྲོས་མོལ་བྱ་རྒྱུ་གང་ཡང་མེད། གྲོས་མོལ་བྱེད་དགོས་དོན་དེ་ཏཱ་ལའི་བླ་མས་ཁ་བྲལ་བའི་བྱ་འགུལ་དོར་འཇུག་རྒྱུ་དེ་རེད། ཅེས་དང་། ཨ་རི་གཞུང་གིས་ད་དུང་ང་ཚོས་ཁུལ་འདིའི་ཡར་རྒྱས་ཇི་ཙམ་བཏང་ཡོད་པ་མཐོང་གི་མི་འདུག ཁོ་ཚོས་མུ་མཐུད་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་། ཁུལ་འདིའི་བརྟན་བརླིང་ལ་གཏོར་བཤིག་གཏོང་འདོད་ཡོད་པ་རེད། ཅེས་སོགས་བརྗོད་ཡོད་འདུག

ཨ་རྒྱ་གཉིས་ཀྱི་འབྲེལ་བ་ཛ་དྲག་གི་གནས་སུ་ལྷུང་བའི་སྐབས་འདིར། ལོ་ངོ་ ༤ ཙམ་འགོར་གྱི་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོའི་བོད་ནང་གི་གཟིགས་སྐོར་བསྐྱར་དུ་མགོ་བཙུགས་ཏེ། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། ཇོ་ཁང་། དེ་བཞིན་ནོར་བུ་གླིང་ག། སེ་ར་དགོན་སོགས་སུ་ཕེབས་ཡོད་པ་མ་ཟད། ས་གནས་ཀྱི་མགོ་འཁྲིད་རྣམས་ལའང་ཐུག་འཕྲད་གནང་ཡོད་པ་དང་། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དང་སྐུ་འབུམ་སོགས་སུ་གཟིགས་སྐོར་གནང་ཡོད་པ་དང་། ཐེངས་འདིའི་གཟིགས་སྐོར་མགོ་བཙུགས་པ་དང་རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་ཆེན་མོས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་ ༦༠ ཕྱིན་པའི་འགྱུར་བ་ཆེན་པོ་ཞིག་མཐོང་རྒྱུ་ཡིན་པ་དང་། ཕྱོགས་ཞེན་མེད་པའི་ཐོག་ནས་གཟིགས་སྐོར་འདི་ལ་རང་ཉིད་ཀྱིས་མཐའ་བསྡོམས་ཤིག་བརྒྱབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༥/༢༧

Leave a Reply