མངའ་སྡེའི་བློན་ཆེན་གཉིས་ལ་འཚམས་འདྲི་གནང་།

༧གོང་ས་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཨ་རུ་ན་ཅལ་མངའ་སྡེ་དང་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ལ་འཚམས་འདྲི་གནང་འདུགཁ་སང་ཕྱི་ཚེས་ ༢༦ ཉིན་སྐུ་སྒེར་ཡིག་ཚང་གི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ཁྲོད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྣེ་འཁྲིད་པའི་ཨ་རུ་ན་ཅལ་མངའ་སྡེའི་བྷི་ཇི་པི་ (BJP) ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པ་དེར་༧གོང་ས་མཆོག་ནས་འཚམས་འདྲིའི་འཕྲིན་བསྩལ་བའི་ནང་། ངོས་རང་ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོང་སྐབས་ཁྱེད་ཀྱི་མཛའ་འབྲེལ་དང་མངའ་སྡེའི་མི་མང་གི་བརྩེ་སེམས་དང་བག་ཕེབས་ཀྱི་རྣམ་པར་བསྔགས་བརྗོད་ཡོད། ཟླ་སྔོན་མར་ངེད་ཚོ་བཙན་བྱོལ་དུ་བསླེབས་ནས་མི་ལོ་ ༦༠ འཁོར་ཡོད་པ་དང་། གོ་སྐབས་འདི་བརྒྱུད་ཨ་རུ་ན་ཅལ་མངའ་སྡེ་གཞུང་དང་མི་མང་གིས་དེར་གཞིས་ཆགས་པའི་བོད་མི་རྣམས་ལ་མཛའ་འབྲེལ་དང་བརྩེ་བ་ཆེན་པོ་གནང་བཞིན་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། མ་འོངས་པར་བློན་ཆེན་མཆོག་གི་དབུ་འཁྲིད་འོག་ཨ་རུ་ན་ཅལ་མངའ་སྡེ་སྔར་ལྷག་ཡར་རྒྱས་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་ཐུགས་སྨོན་མཛད་འདུག

ཡང་ཨོ་ཌི་ཤ་མངའ་སྡེའི་ (Odisha)་སྤྱི་ཁྱབ་བློན་ཆེན་ན་ཝན་པཱ་ཌེ་ནིག་(Naveen Patnaik) ལགས་ཀྱིས་སྣེ་འཁྲིད་པའི་མངའ་སྡེའི་བྷི་ཇུ་ཇཱ་ནཱ་ཌཱ་ཌལ་ (Biju Janata Dal) ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་པའི་ནང་། ལོ་དུ་མའི་རིང་ངོས་རང་མངའ་སྡེ་དེར་ལན་མང་འགྲོ་ཐུབ་པ་བྱུང་སྟེ། སྐུ་ཉིད་ལ་ཐུག་འཕྲད་དང་བཀའ་མོལ་བྱུང་བར་དགའ་ཚོར་བྱུང་ལ། ཆེས་ཉེ་བའི་ཐུག་འཕྲད་དེ་ནི་ཕྱི་ ༢༠༡༧ ལོར་བྱུང་ཡོད་པ་རེད། སྐུ་ཉིད་ནས་མཁྱེན་གསལ་ལྟར་མངའ་སྡེ་དེའི་གྷོ་ཇཱ་པཱ་ཊེ་ (Gajapati)  རྫོང་ཁོངས་ཀྱི་ཅན་ཌི་ར་གྷེ་རེ་ (Chandragiri) ས་གནས་སུ་བོད་མིའི་གཞིས་ཆགས་ཤིག་ཡོད་པས། ཐེངས་འདིའི་གོ་སྐབས་བརྒྱུད་ས་གནས་དེའི་བོད་མི་རྣམས་ལ་མཛའ་འབྲེལ་དང་ཐུགས་བརྩེ་ཆེན་པོ་ཐོབ་པར་བསྔགས་བརྗོད་ཞུ་བཞིན་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་སྤྱི་ཁྱབ་བློན་ཆེན་ཟུར་པ་རྣམ་གཉིས་ཀྱི་གཞུང་འཛིན་རིང་མངའ་སྡེ་དེ་གཉིས་ཀྱི་ནང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ལ། ཁྱད་པར་དུ་ཐོབ་ཐང་དེ་ཙམ་མ་ཐོབ་པའི་མི་མང་གི་འཚོ་བ་ཡར་རྒྱས་ཕྱིན་པ་ནི་དགའ་འོས་པ་ཞིག་ཡིན་པ་དང་། ལས་ཐོག་བློན་ཆེན་རྣམ་གཉིས་ལ་མངའ་སྡེའི་མི་མང་གི་མངོན་འདོད་དང་རེ་བ་མངོན་འགྱུར་ཡོང་བར་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུག

གཞན་ཡང་། དེ་རིང་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་བསྐྱར་དུ་འོས་ཐོབ་བྱུང་བར་དགའ་བསུའི་འཚམས་འདྲི་གནང་བའི་ནང་། བློན་ཆེན་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་གཏོང་རྒྱུ་ཡིན་པའི་ཆོད་སེམས་ལ་རྗེས་སུ་ཡི་རངས་དང་། ཆོད་སེམས་དེ་བཞིན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།  ཨ་རུ་ན་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་ཞུ་ཡི་ཡོད་པ་དང་། དེ་བཞིན་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ ༦༠ རིང་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན། ཅེས་གསུངས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་མཚན་ཐོག་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ་ཕུལ་བའི་འཚམས་འདྲིའི་ནང་། བོད་མི་ཚོ་དང་ཨ་རུ་ན་ཅལ་མངའ་སྡེ་གཉིས་ནི་སྐད་ཡིག་དང་རིག་གཞུང་། སྒྱུ་རྩལ་དང་ཆོས་ཀྱི་ཐད་ནས་དམིགས་བསལ་གྱི་འབྲེལ་འདྲིས་ཡོད་པ་དང་། ལོ་མང་རིང་ཨ་རུ་ན་ཅལ་གཞུང་མང་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མི་སྟོང་ཕྲག་མང་པོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་རེད། གོ་སྐབས་འདི་བརྒྱུད་མངའ་སྡེའི་གཞུང་མང་གཉིས་ལ་བསྔགས་བརྗོད་དང་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་པ་དང་། མ་འོངས་བའི་སྤྱི་ཁྱབ་བློན་ཆེན་མཆོག་གི་འཛིན་སྐྱོང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡོད། ཅེས་གསུངས་འདུག

ཡང་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ན་ཝན་པཱ་ཌེ་ནིག་ (Naveen Patnaik) མཆོག་ལ་ཕུལ་བའི་འཚམས་འདྲིའི་ནང་། ཐེངས་ ༥ ལ་མངའ་སྡེའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་དང་སྦྲགས། ཕྱི་ལོ་ ༢༠༡༧ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མངའ་སྡེ་དེར་གདན་འདྲེན་ཞུས་ཡོད་པ་དང་། མངའ་སྡེའི་གཞུང་མང་གཉིས་ནས་བོད་མི་ཚོར་རྒྱབ་སྐྱོར་གནང་བཞིན་པར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག  མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བ་དང་མངའ་སྡེའི་མི་མང་གི་མངོན་འདོད་དང་རེ་བ་འགྲུབ་པའི་སྨོན་འདུན་ཞུ་བཞིན་ཡོད་སྐོར་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༢༧

Leave a Reply

One thought on “མངའ་སྡེའི་བློན་ཆེན་གཉིས་ལ་འཚམས་འདྲི་གནང་།