ང་ཚོ་ཟླ་བའི་སྟེང་མཉམ་དུ་འགྲོ།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་སྐུ་ལྕམ་དང་པོ་རྣམ་གཉིས་ཉི་ཧོང་ནང་གཟིགས་སྐོར་དུ་ཕེབས་ཏེ་གསར་དུ་རྒྱལ་ཁྲིར་ཕེབས་པའི་ཉི་ཧོང་གི་གོང་མ་ནཱ་རོ་ཧི་ཊོ་མཆོག་དང་མཇལ་འཕྲད་གནང་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༦ ནས་ཉིན་ ༤ རིང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་སྐུ་ལྕམ་དང་པོ་མི་ལཱ་ནེ་ཡ་ཊོམ་ཕུ་ལགས་གཉིས་ཉི་ཧོང་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་ལྟར། དེ་རིང་ཉི་ཧོང་གི་རྒྱལ་པོ་གསར་པ་ནཱ་རོ་ཧི་ཊོ་(Naruhito)མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ནཱ་རོ་ཧི་ཊོ་མཆོག་གོང་མའི་ཁྲི་ལ་བཞུགས་རྗེས་ཕྱི་མི་ཞིག་ལ་མཇལ་འཕྲད་གནང་བ་ཐོག་མ་ཆགས་ཡོད་སྟབས། མཇལ་འཕྲད་སྐབས་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཉི་ཧོང་གི་ལོ་ ༢༠༠ ཡི་རྒྱལ་པོའི་ལམ་ལུགས་ནང་འདི་ལྟ་བུའི་འགྱུར་བ་བྱུང་མྱོང་མེད་པས། ད་རེས་ཨ་རིའི་སྐུ་ཚབ་བྱས་ཏེ་ཉི་ཧོང་རྒྱལ་པོ་གསར་པ་དང་མཇལ་འཕྲད་བྱུང་བ་ནི་གཟི་བརྗིད་ཅིག་ཏུ་རྩི་ཡི་ཡོད། ཅེས་གསུངས་ཡོད་འདུག

ཁ་སང་ཉི་ཧོང་གཞུང་གིས་ཨ་ཁཱ་སཱ་ཁཱ(Akasaka)གསོལ་མགྲོན་ཁང་དུ། ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་མཆོག་དང་མཇལ་འཕྲད་གནང་སྟེ་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་དང་དམག་དོན། བྱང་ཀོ་རི་ཡའི་གནད་དོན་སོགས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་པ་དང་། སྐབས་དེར་སྲིད་འཛིན་ཊོམ་ཕུ་མཆོག་གིས། ང་ཚོ་མ་འོངས་པར་ཟླ་བ་དང་། སྐར་མ་མིག་དམར་སྟེང་འགྲོ་རྒྱུ་ཡིན། དེང་སང་དམག་དོན་ཐད་མཁའ་དབྱིངས་ལས་གལ་ཆེ་བའི་ས་ཤིག་ལྷག་མི་འདུག ཅེས་ཨ་རི་དང་ཉི་ཧོང་མཉམ་འབྲེལ་གྱིས་བར་སྣང་ཁམས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། ད་རེས་ཉི་ཧོང་གིས་ཨ་རིའི་མཁའ་དམག་གནམ་གྲུ་ཁག་ཅིག་ཉོ་གཏན་འཁེལ་ཡོད་འདུགདེ་བཞིན་བྱང་ཀོ་རི་ཡའི་སྐོར་གླེང་སློང་གནང་སྐབས་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་མཆོག་གིས།  ཨ་རིའི་སྲིད་འཛིན་མཆོག་ནས་བྱང་ཀོ་རི་ཡ་གཞུང་གིས་ཉི་ཧོང་བ་མང་པོ་བཀག་ཉར་འོག་སྡུག་སྦྱོང་གཏོང་གི་ཡོད་པའི་ངོས་འཛིན་དེར། ང་ཚོས་དཔེ་དེབ་ནང་གི་ཤོག་ངོས་གཅིག་ནང་བཞིན་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། བྱང་ཀོ་རི་ཡ་དང་མཉམ་དུ་གྲོས་མོལ་དོན་ལྡན་ཞིག་བྱེད་པའི་འཆར་གཞི་ཡོད། ཅེས་གསུངས་ཡོད་པ་དང་། བྱང་ཀོ་རི་ཡ་གཞུང་གིས་ཕྱི་ལོ་ ༡༩༧༠ དང་ ༡༩༨༠ ནང་ཉི་ཧོང་བ་ ༡༣ འཛིན་བཟུང་བྱས་ཡོད་པ་ཁས་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་མི་ ༥ ཉི་ཧོང་ལ་རྩིས་སྤྲོད་བྱས་ཡོད་པ་དང་། གཞན་རྣམས་ཤི་ཚར་ཡོད་སྐོར་བརྗོད་ཡོད་ཀྱང་ཉི་ཧོང་གིས་ཡིད་ཆེས་བྱེད་ཀྱི་མེད་འདུག

ཡང་བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཁ་སང་ཕྱི་ཚེས་ ༢༦ ཉིན། ཊོམ་ཕུ་མཆོག་དང་ཤིང་ཛོ་ཨ་བྷེ་མཆོག་རྣམ་གཉིས་ནས་གྷོལ་ཧྥི་(golf)རྩེད་མོ་རྩིས་ཡོད་པ་དང་།  ཉི་ཧོང་ནང་གྲགས་ཆེ་བའི་འཇུ་རེས་རྩེད་མོ་སོ་མོ་(Sumo)ཞེས་པར་ལྟད་མོ་བལྟས་ཡོད་པ་མ་ཟད། ཉི་ཧོང་གི་སོ་མོའི་ལུས་རྩལ་བ་ཨ་སན་ཡ་མ་(Asanoyama)ལགས་སུ་ཨ་རིའི་སྲིད་འཛིན་གྱི་བུམ་པ་( President Cup)ཞེས་པའི་གཟེངས་རྟགས་གནང་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་ཊོམ་ཕུ་མཆོག་ནས་ཨ་རིའི་སྲིད་འཛིན་གྱི་ལས་འཁུར་ཞུས་པ་ནས་བཟུང་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་མཆོག་ལ་དངོས་སུ་མཇལ་བ་དང་ཞལ་པར་བརྒྱུད་གྲོས་མོལ་ཐེངས་ ༣༨ ཙམ་བྱུང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་ཊོམ་ཕུ་མཆོག་ནས་ཉི་ཧོང་གི་རྒྱལ་པོ་ཟུར་པ་ཨག་ཧི་ཊོ་དང་རྒྱལ་མོ་མ་གཅིག་གོ་གཉིས་ལའང་མཇལ་འཕྲད་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༠/༠༨

Leave a Reply

2 thoughts on “ང་ཚོ་ཟླ་བའི་སྟེང་མཉམ་དུ་འགྲོ།

  1. གཞུང་པ་ཚེ་དབང་བསོད་ནམས་

    ང་ཚོ་མཉམ་དུ་ཟླ་བའི་ནང་འགྲོ་ཧཧཧ་བསམ་ཚད་ལག་ཏུ་མི་ལོན་
    ལོན་ཚད་བེད་སྤྱོད་མི་ཐུབ་ཐུབ་ཚད་དོན་དག་མི་འགྲུབ་འགྲུབ་ཚད་
    ལམ་དུ་མི་འགྲོ་ཟེར་ཡང་ཟེར་ལ་བདེན་ཡང་བདེན།
    མི་སྙོབས་གནམ་ལ་འཕྱོང་ན་མ་ཀིའི་གཏིང་རྩ་ཆད་ཡོང་
    མ་ཐུབ་ཁྲ་ལ་རྫིང་ན་ནམ་མཁའ་བྱ་སྤུའི་ཁེངས་ཡོང།

  2. སྲས་སྐུ་ངོ་།

    ཁྲི་རོན་ཕུ་སྲིད་གཞུང་གིས་ཉི་ཧོང་ལ་ཚོང་ལས་དང་དམག་དོན་གཙོས་མཉམ་འབྲེལ་བྱས་སྟེ་ཨ་རྒྱ་གཉིས་ཀྱི་ཚོང་དམག་བརྒྱབ་ནས་ཕམ་ཉེས་བཟོ་རྒྱུ་རེད།