བློ་བརྟན་འགྱུར་མེད་ངང་ཁ་བྲལ་ལ་ངོ་རྒོལ་བྱོས།

ཝང་དབྱང་གིས་གསེར་རྟ་བླ་རུང་སྒར་སོགས་དཀར་མཛེས་ཁུལ་གྱི་ནང་སྐོར་སྐྱོད་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་འཐུས་ཚབ་མི་སྣ་གསོ་སྐྱོང་དང་དེ་རྣམས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་འདུགཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༧ བར་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཝང་དབྱང་ཟེར་བ་དེས་སྣེ་འཁྲིད་པའི་ཚོགས་པ་ཞིག་གིས་བོད་དཀར་མཛེས་ཁུལ་དུ་རྟོག་ཞིབ་སྐོར་སྐྱོད་བྱས་ཡོད་པ་ལྟར། གསེར་ེརྟ་བླ་རུང་སྒར་གཙོ་བོར་གྱུར་བའི་དགོན་པ་དང་འབྲོག་ཁུལ། དེ་བཞིན་གྲོང་གསེབ་ཁག་ཅིག་ཏུ་ཕྱིན་ཏེ། མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཁ་བྲལ་ལ་ངོ་རྒོལ་དང་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོབ་བྱེད་པར་ནུས་ཤུགས་འདོན་དགོས་སྐོར་བརྗོད་ཡོད་འདུག

ཝང་དབྱང་གིས་དྲིལ་བསྒྲགས་གཏམ་བཤད་བྱེད་སྐབས། ཞི་ཅིན་ཕིན་གྱི་བོད་རིགས་ས་ཁུལ་གྱི་ལས་དོན་སྐོར་གྱི་གལ་ཆེན་ལས་དོན་དང་། ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་གནས་བབ་མཐོར་འདེགས་གཏོང་དགོས་པ་དང་། ཁྲིམས་ལྟར་བོད་སྐྱོང་བ་དང་དམངས་ཕྱུག་བོད་དར།  ཡུན་རིང་བོད་སྐྲུན་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོབ་བྱེད་པ། ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་ཡག་པོ་བྱེད་པ་བཅས་ཀྱིས་བོད་རིགས་ས་ཁུལ་གྱི་མི་དམངས་བདེ་སྐྱིད་ཁམས་བཟང་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བར་འགན་ལེན་བྱ་དགོས། ཞེས་བརྗོད་འདུག

ཆོས་ལུགས་ཀྲུང་གོ་ཅན་དུ་ཕྱོགས་དགོས་པའི་སྐོར་ལ་ཁོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་རིགས་ཀྱིས་རང་རྟོགས་ངང་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། རྒྱལ་ཁྲིམས་དང་ཆོས་ཁྲིམས་བར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ་དང་། རྒྱལ་ཁབ་ཕྱིའི་དགྲ་བོའི་སྟོབས་ཤུགས་སིམ་འཛུལ་ལ་འགོག་སྲུང་མཐའ་གཅིག་ཏུ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་འཐུས་ཚབ་མི་སྣ་གསོ་སྐྱོང་དང་དེ་རྣམས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་འདུགད་ལན་ཝང་དབྱང་གིས་བོད་དུ་སྐོར་སྐྱོད་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ ནང་ཁོས་བོད་ཀྱི་རྒྱལ་ས་ལྷ་ས་དང་སེ་ར་དགོན་གྱི་གཙོས་ཉེ་འཁོར་དགོན་སྡེ་ཁག དེ་བཞིན་ཆབ་མདོ་སོགས་སུ་སྐོར་སྐྱོད་བྱས་ཏེ། མང་ཚོགས་ལ་བོད་ནང་ཆོས་ལུགས་ཁག་གི་ལས་དོན་ཐོག་སྔར་ལྷག་དམ་དྲག་དོགས་ཟོན་བྱེད་དགོས་པ་མ་ཟད། ཁ་བྲལ་རིང་ལུགས་ལ་ངེས་པར་དུ་ཁ་གཏད་གཅོག་དགོས་སྐོར་བརྗོད་ཡོད་པ་དང་། སྐབས་དེར་ཁོ་བོད་དུ་ཡོང་དོན་བོད་ནང་ཁྲིམས་ལུགས་གསར་པ་དང་ལྷག་པར་དུ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ཐོག་ཁྲིམས་སྒྲིག་གསར་པ་བཟོས་ཡོད་པ་ཤེས་རྟོགས་ཆེད་ཡོང་བ་ཡིན་སྐོར་བརྗོད་ཡོད་པ་རེད།

ད་ལོའི་ཕྱི་ཟླ་ ༥ ཚེས་ ༥ ཉིན། པེ་ཅིན་གྲོང་ཁྱེར་མི་དམངས་ཚོགས་ཁང་ཆེན་མོའི་ནང་། ཝང་དབྱང་གིས་རྒྱལ་མཚན་ནོར་བུ་ལགས་དང་ཐུག་འཕྲད་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཁ་བྲལ་གྱི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་བྱ་རྒྱུའི་རེ་བ་ཡོད་སྐོར་བརྗོད་པ་མ་ཟད། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ཐད་འགན་འཁྲི་ཆེན་པོ་ཡོད་པ་དང་། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་། ཆབ་སྲིད་ལངས་ཕྱོགས་བརྟན་པོ་བཙུགས་ཏེ་རྒྱ་ཆེའི་ཆོས་ལུགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཁ་བྲལ་གྱི་སྟོབས་ཤུགས་མཐའ་དག་དང་འཐབ་རྩོད་བྱ་རྒྱུའི་རེ་བ་ཡོད། ཅེས་སོགས་བརྗོད་ཡོད་འདུག

ཝང་དབྱང་གིས་འདི་ལོའི་ཕྱི་ཟླ་ ༣ ནང་ཤིན་ཅང་ཡུ་གུར་ས་ཁུལ་དུ་སྐོར་སྐྱོད་བྱས་ཡོད་པ་དང་འབྲེལ། ཤིན་ཅང་ནང་སྤྱིའི་དམིགས་འབེན་དེ་མི་སེམས་གོང་བུ་གཅིག་ཏུ་སྒྲིལ་རྒྱུར་ཐུག་ཡོད་པ་དང་། བརྟན་ལྷིང་བྱ་ཐབས་འཐུས་ཚང་བཟོ་བ་དང་། ངན་པའི་སྟོབས་ཤུགས་གསུམ་ལ་མགོ་གནོན་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ཡང་དག་པ་བྱེད་པ་དང་། མི་རིགས་ཁ་བྲལ་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བ་དང་ངོ་རྒོལ།  ཆོས་ལུགས་ཀྱི་ཐལ་སྤྱོད་བསམ་བློར་ངོ་རྒོལ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། ཞེས་བརྗོད་ཡོད་འདུགཝང་དབྱང་ནི་རྒྱ་ནག་སུའུ་ཀྲུག་གྲོང་ཁྱེར་གྱི་མི་ཡིན་པ་དང་། ཕྱི་ལོ་ ༡༩༧༥ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཁུངས་སུ་ཞུགས། ཕྱི་ལོ་ ༡༩༧༩ ལོ་ནས་རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་དང་ཏུན་ཞོ་ཕིན་གྱི་དཔལ་འབྱོར་བཅོས་སྒྱུར་སྐོར་ལ་སློབ་གཉེར་བྱས་ཤིང་། ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་། ཀང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་ཡོད་འདུག ཕྱི་ལོ་ ༢༠༡༣ ལོའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་ཟེར་བའི་སྟེང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་བཞིའི་གྲས་སུ་བདམས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ སྟེང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོར་བསྐོས་ཡོད་པ་དང་། ཁོའི་ལས་དོན་གཙོ་བོ་ནི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆཱང་གཉིས་ཀྱི་རྒྱལ་དོན་སྐོར་སྐྱོད་ལས་དོན་གྲ་སྒྲིག་དང་། ཞི་ཅིན་ཕིན་གྱི་བསམ་བློའི་ལས་དོན་ལག་བསྟར་བྱེད་པ་སོགས་ཡིན་འདུག

ཕྱི་ལོ་ ༢༠༡༧ ལོར་ཝང་དབྱང་རྒྱ་ནག་དམར་ཤོག་ཚོཊ་པའི་མགོ་འཁྲིད་བདུན་གྱི་གྲས་སུ་བདམས་ཐོན་བྱུང་སྐབས། ཆབ་སྲིད་དཔྱད་བརྗོད་པ་ཚོས་ཝང་དབྱང་ནི་རྒྱ་ནག་གི་མགོ་ཁྲིད་གསར་པ་ཚོའི་ཁྲོད་ནས་བསམ་བློ་གུ་ཡངས་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གཞི་རྒྱ་ཆེ་བའི་ཞི་རྒོལ་དང་ཕྱི་ལོ་ ༢༠༠༩ ལོར་ཤིང་ཅང་ནང་ངོ་རྒོལ་བྱུང་སྐབས། ཁོས་རྒྱ་ནག་གཞུང་ནས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་གཏམ་བཤད་ཤུགས་ཆེན་བྱས་ཡོད་སྐོར་བརྗོད་ཡོད་ན་ཡང་། ད་ལྟ་ཁོང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལས་དོན་དང་། ལྷག་པར་དུ་གྲངས་ཉུང་མི་རིགས་ས་ཁུལ་ལ་ཆེད་དུ་དམིགས་ནས་དམ་དྲག་དོགས་ཟོན་སྔར་ལྷག་བྱེད་དགོས་པའི་སྐུལ་མ་གཏོང་མཁན་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༢༨

Leave a Reply

One thought on “བློ་བརྟན་འགྱུར་མེད་ངང་ཁ་བྲལ་ལ་ངོ་རྒོལ་བྱོས།

  1. ༄།དབུ་མའི་ལམ་གྱི་སྲིད་ཇུས་ངེས་ལེན་མ་་བྱེད་པ་དེ་གུང་ཁྲན་སྲིད་གཞུང་གི་བོད་རྒྱ་ནག་དང་ཁ་བྲལ་འགྲོ་རྒྱུའི་ལམ་ཁ་བཟོ་བ་དང་ཁྱད་མེད་པས།གལ་སྲིད་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་ན་གུང་ཁྲན་སྲིད་གཞུང་ལ་ངོ་རྒོལ་བྱ་དགོས།