ཉི་ཧོང་ནང་དམར་གསོད་དོན་རྐྱེན་བྱུང་།

ཉི་ཧོང་གི་གཞི་རིམ་སློབ་གྲྭ་ཞིག་གི་སློབ་ཕྲུག་ཚོར་སྐྱེས་པ་ཞིག་གིས་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་མི་གྲངས་ ༡༨ ལ་ཤི་རྨས་བཟོས་ཡོད་འདུགདེ་རིང་ཞོགས་པར་ཉི་ཧོང་གི་ཀཱ་ཝཱ་སཱ་ཀེ་གྲོང་ཁྱེར་ (Kawasaki) གྱི་གཞི་རིམ་སློབ་མ་ཁག་ཅིག་ལ་གྲིས་བརྒྱབས་ཏེ། ཉུང་མཐར་མི་ ༡༨ ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེའི་ནང་ནས་རང་ལོ་ ༡༢ ཡིན་པའི་སློབ་ཕྲུག་བུ་མོ་གཅིག་དང་ལོ་ ༣༩ ཡས་མས་ཡིན་པའི་སྐྱེས་པ་ཞིག་ཡུལ་དངོས་ནས་བསད་ཡོད་འདུག

དམར་གསོད་དོན་རྐྱེན་བཟོས་རྗེས་ལག་དམར་སྐྱེས་པ་དེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་། ཁོ་རང་གི་སྐེ་ལ་གྲིས་ཐེངས་ ༤ ཙམ་ལ་བརྒྱབས་ཡོད་པས་འདས་སུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་དམར་གསོད་གཏོང་བའི་རྒྱུ་རྐྱེན་ཅི་ཡིན་སོགས་ཁ་གསལ་མི་འདུག

བྷི་བྷི་སི་ཡི་གནས་ཚུལ་ལྟར་ན། གྲོང་ཁྱེར་དེའི་སྲང་ལམ་ཞིག་ནས་སློབ་ཕྲུག་ཚོས་སློབ་གྲྭའི་ཆེད་སྤྱོད་རླངས་འཁོར་ལ་སྒུག་ནས་བསྡོད་སྐབས། གློ་བུར་དུ་རང་ལོ་ ༥༠ ཙམ་ཡིན་པའི་སྐྱེས་པ་ཞིག་གིས་སློབ་ཕྲུག་ཚོར་གང་བྱུང་གྲིས་བརྒྱབས་ཡོད་པ་དང་། ཤི་རྨས་བྱུང་བའི་ཁྲོད་ནས་ ༡༦ སྔོན་འགྲོ་ཡི་སློབ་ཕྲུག་བུ་མོ་རྐྱང་རྐྱང་ཡིན་འདུག

སློབ་གྲྭའི་ཆེད་སྤྱོད་རླངས་འཁོར་གྱི་ཁ་ལོ་བས་བརྗོད་པ་ལྟར་ན། དོན་རྐྱེན་བཟོ་མཁན་དེས་རླངས་འཁོར་ལ་སྒུག་སྟེ་གྲལ་སྒྲིག་ནས་ཡོད་པའི་སློབ་ཕྲུག་ཚོར་གང་བྱུང་གྲིས་བརྒྱབས་པ་དང་། རླངས་འཁོར་ནང་འཛུལ་ཏེ་རླངས་འཁོར་ནང་གི་སློབ་ཕྲུག་ཚོར་གྲིས་གང་བྱུང་བརྒྱབས་ཡོད་པ་དང་།  དེའི་ཁྲོད་ཀྱི་སློབ་ཕྲུག་མང་པོ་ཞིག་ནི་ཁེ་རེ་ཊ་གཞི་་རིམ་སློབ་གྲྭ་ (Caritas Elementary School) ཟེར་བའི་ཡི་ཤུའི་སྒེར་གཉེར་སློབ་གྲྭ་ཞིག་ནས་ཡིན་འདུག

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཉི་ཧོང་ནང་གཞུང་འབྲེལ་གཟིགས་སྐོར་གནང་སྟེ་དེ་རིང་ཉིན་མཐའ་མ་དེ་ཆགས་ཡོད་པ་དང་། ཁོང་གིས་དོན་རྐྱེན་དེའི་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་ཤུལ་ལུས་ནང་མི་རྣམས་ལ་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་ཡོད་སྐོར་གསུངས་འདུག

ཉི་ཧོང་ནི་འཛམ་གླིང་གི་འཚེ་བའི་དོན་རྐྱེན་ཉུང་ཤོས་འབྱུང་ས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་ ༢༠༠༡ ལོར་གྲོང་ཁྱེར་ཨོ་སཱ་ཀཱ་ (Osaka) ནང་སྔོན་འགྲོའི་སློབ་མ་ ༨ ལ་གྲིས་བརྒྱབས་སྟེ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཉི་ཧོང་གི་སེམས་ངལ་ལྟ་སྐྱོང་ཁང་ཞིག་གི་ལས་མི་ཟུར་པ་ཞིག་གིས། སེམས་ངལ་ཅན་གྱི་མི་གྲངས་ ༡༩ བསད་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་ཡུལ་དེའི་འཚེ་བའི་དོན་རྐྱེན་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༢༨

Leave a Reply

One thought on “ཉི་ཧོང་ནང་དམར་གསོད་དོན་རྐྱེན་བྱུང་།

  1. ༄།རང་གཞན་གཉིས་འཕུང་གི་ལས་ངན་པ་འདི་དག་རྗེས་སུ་མི་ཡོང་བའི་སྐྱབས་གནས་དཀོན་མཆོག་གསུམ་པོ་སྨོན་ལམ་བརྩེ་གཅིག་ཏུ་འདེབས།