བོད་རིགས་རྒན་པ་ཚོས་གསོན་པའི་རིང་གཞོན་སྐྱེས་ཚོར་བོད་སྐད་བོད་ཡིག་སློབ་རོགས།

རྒྱ་ནག་གིས་བོད་ཡུལ་ཡར་རྒྱས་གཏོང་ཆེད་དཔལ་འབྱོར་དང་འཛུགས་སྐྲུན་ཐོག་ཚུར་རོགས་རམ་དང་བོད་མིས་རྒྱ་ནག་ནང་ནང་ཆོས་དང་འབྲེལ་བའི་ཤེས་ཡོན་ཡར་རྒྱས་ཐད་ཕར་རོགས་རམ་བྱེད་ཐུབ་པ་ཞིག་ཏན་ཏན་ཡོང་ངེས་རེད་ཅེས་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མི་ཁག་གཅིག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་བཀའ་སློབ་གནང་སྐབས། ང་རང་ཚོ་བོད་པ་རེད། བོད་རིགས་རེད། ཤེས་སོང་ངམ། དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་བལྟས་པ་ཡིན་ན། འཛམ་གླིང་གང་སར་མིའི་སེམས་འཁྲུག་ནས་མ་སྐྱིད་པ་བྱེད་མཁན་ཧ་ཅང་མང་པོ་འདུག མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཡིན་ཞེས་ང་ཚོའི་དཔེ་ཆའི་ནང་གསུངས་ཡོད་ལ། ཚན་རིག་པས་དེ་ལྟར་ཤོད་ཀྱི་འདུག  ཕྲུ་གུ་ཆུང་ཆུང་སྐྱེས་ཙམ་ཉིད་ནས་མ་ཡི་བྱམས་པ་དང་བརྩེ་བས་བསྐྱངས་ཏེ་འཚོ་བ་ཡིན་པས། མིའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཅན་ཡིན་པ་བརྗོད་ཀྱི་འདུག དེ་ལྟར་ཡིན་བཞིན་དུ་འཛམ་གླིང་འདིའི་སྒང་ལ་བྱམས་བརྩེའི་བསམ་པ་དེ་ཡལ་ནས་ང་དང་ཁྱོད། ཅེས་ཆགས་སྡང་གི་སྐད་ཆ་ཧ་ཅང་ཤུགས་ཆེན་པོ་ཤོད་པའི་དུས་སྐབས་འདིར། ང་ཚོ་བོད་མི་ཚོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད། མཁན་ཆེན་ཞི་བ་འཚོས་ང་ཚོར་རྩིས་སྤྲོད་གནང་བའི་ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་ཉིད་ཀྱི་ལྟ་བ་དེ་ཧ་ཅང་རྩ་ཆེན་པོ་རེད་འདུག  ཐབས་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་སྟོང་ཉིད་ཀྱི་ལྟ་བ་དེ་དག་འགྲེལ་བཤད་སྤུས་དག་པོ་རྒྱག་ཐུབ་མཁན་བོད་སྐད་ཁོ་ན་རེད། ལེགས་སྦྱར་སྐད་དེ་དུས་ཚོད་ཡོལ་ཟིན་པ་རེད།  ལེགས་སྦྱར་ཤེས་མཁན་མཁས་དབང་རེ་ཟུང་ཙམ་རེད། དེང་དུས་ཀྱི་ཧིན་སྐད་འདང་ངེས་མེད། དབྱིན་སྐད་དེ་བས་མེད། ནུབ་ཕྱོགས་པའི་ཆོས་དང་རིག་གཞུང་རྦད་དེ་ཐ་དད་རེད།  དེར་བརྟེན་ང་ཚོ་བོད་ལ་མཁན་ཆེན་ཞི་བ་འཚོས་རྩིས་སྤྲོད་གནང་བཞག་པ་དེ་ང་ཚོ་བོད་པ་ཚོས་ལོ་ངོ་སྟོང་ཕྲག་རིང་ལྷག་བསམ་རྣམ་དག་ཐོག་ནས་བཟུང་བསྡད་ཡོད་པ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་ཤེས་ཡོན་ཅན་རྣམས་འཚོགས་སྐབས་ང་ཚོས་ད་བར་བདག་གཅེས་བྱས་པའི་དཔལ་ནཱ་ལེནྡྲའི་ཤེས་ཡོན་དེ་ཚོ་ཁྱད་དུ་འཕགས་པ་ཞིག་ཆགས་བཞིན་ཡོད། དེར་བརྟེན་ང་ཚོ་བོད་པ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཕྲུ་གུ་ཚོར་བོད་སྐད་དང་བོད་ཡིག་ལ་དོ་སྣང་ཤུགས་ཆེ་ཙམ་ཡོད་པ་ཞིག་བཟོ་དགོས། སྡོད་ས་ཕྱི་རྒྱལ་ཡིན་ནའང་ཁྱད་པར་གང་ཡང་ཡོད་པ་མ་རེད།  གང་ལྟར་བོད་སྐད་དང་བོད་ཡིག་འདི་ཤེས་པ་ཞིག་བཟོས་དགོས། དེར་ཁྱེད་རང་ཚོས་དོ་སྣང་ངེས་པར་དུ་བྱེད་རོགས། མ་འོངས་པར་ཕན་ཐོགས་ཡོང་རྒྱུ་རེད། ཅེས་གསུངས་འདུག

ཡང་ཁོང་གིས། ང་ཚོ་བོད་པ་ཚོས་ཚེ་རབས་ནས་ཚེ་རབས་ཟེར་གྱི་ཡོད། དེར་བརྟེན་འདིར་སྤོ་ལགས་རྨོ་ལགས། དེ་བཞིན་ནད་པ་རིམ་བཞིན་ཕྱི་མའི་ལྔ་ལམ་དུ་གྱུར་བར་མངོན་དུ་ཕྱོགས་པ་ཚོས་ཀྱང་བློ་བདེ་པོ་བྱོས། ང་ཚོ་མི་ཚེ་གཅིག་གི་སྐད་ཆ་མ་རེད། ང་ཚོ་ཚེ་རབས་ནས་ཚེ་རབས་དཔེར་ན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ཞལ་བཞུགས་སྐབས་ཀྱི་ཞབས་ཕྱི་དེ་འདྲས་ཕྱིས་སུ་དགེ་འདུན་རྒྱ་མཚོའི་སྐབས་སུའང་ཞབས་ཕྱི་ཞུ་རྒྱུ་བྱུང་ཡོད།  བསོད་ནམས་རྒྱ་མཚོའི་སྐབས་སུའང་སྐྱེ་བ་གསར་པ་ཞིག་བླངས་ནས་ཞབས་ཕྱི་ཞུས་པ།  དེ་བཞིན་༸གོང་ས་ལྔ་པའི་སྐབས་བྱས་ནས་གང་ལྟར་ཚེ་རབས་ནས་ཚེ་རབས་བྱས་ནས་འགྲོ་བཞིན་ཡོད།  ངོས་རང་ཁྱད་དུ་འཕགས་པ་ཞིག་ཡིན་ཟེར་གྱི་མེད། འོན་ཀྱང་། དེ་ལྟའི་དུས་སྐབས་འདིར་བོད་གངས་ཅན་གྱི་ལྷ་སྐལ། འཕགས་པ་སྤྱན་རས་གཟིགས་དང་བོད་གངས་ཅན་པར་ཐུན་མིན་འབྲེལ་བ་ཡོད་པ་དེར་རྒྱུ་མཚན་ཡོད། ལོ་རྒྱུས་ཡང་མང་པོ་ཤོད་རྒྱུ་ཡོད།  ད་ལྟའི་དུས་སྐབས་འདིར་འཕགས་པ་སྤྱན་རས་གཟིགས་གང་དུ་ཡོད་དམ་ཞེས་དྲིས་ན།  རི་བོ་པོ་ཏཱ་ལར་ཡོད་ཅེས་བརྗོད་རྒྱུ་མ་གཏོགས་མེད་ཀྱང་། གང་ལྟར་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་བྱས་ནས་ཐོན་པ་འདི་ངོས་རང་ཆགས་ཡོད། མ་རེད་དམ། སྤྱན་རས་གཟིགས་ཀྱི་སྐུའི་སྐུ་ཚབ། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་ངོས་ཀྱིས་བྱེད་བཞིན་ཡོད། དེར་བརྟེན་ང་ཚོ་ངོ་ཤེས། འབྲེལ་བ་ཆགས་ནས་ཡོད་པ་རེད། ཁྱེད་ཚོ་གྲོངས་པའི་ཁ་ཐུག་དེར་ངོས་ཀྱིས་ཁ་བཏགས་ཞིག་འཁྱེར་ནས་འཕགས་པ་སྤྱན་རས་གཟིགས་ལ། མི་འདི་ངོས་རང་དང་ཐུན་མིན་འབྲེལ་བ་ཡོད། ཚེ་རབས་ནས་ཚེ་རབས་སྐྱབས་འཇུག་གནང་རོགས་ཞེས་ངོས་ཀྱིས་ཞུ་རྒྱུ་རེད། ཤེས་སོང་ངམ། ཁྱེད་ཚོ་རྒད་པོ་རྒད་མོར་གྱུར་བ་ཚོ་བློ་བདེ་པོ་བྱོས། ང་ཚོ་བོད་མི་རིགས་ལ་སྐྱེས། སངས་རྒྱས་ཀྱི་བསྟན་པ་དང་མཇལ།  དེ་འདྲ་བྱུང་བ་དེ་ཧ་ཅང་བསྐལ་བ་བཟང་པོ་ཡིན་བསམས་པ་བྱོས། མི་ཚེ་དོན་ལྡན་བསྐྱལ་ནས་འཆི་ཁར་འགྱོད་པ་གཏན་ནས་མེད་པར་དགའ་ཞིང་སྤྲོ་ཞིང་། སྤོབས་པ་དང་བཅས་འཆི་ཐུབ་པ་ཞིག་ཡོང་རྒྱུ་རེད།  གསོན་པའི་རིང་འདིར་མི་རབས་གསར་པ་ཚོར་གང་ཐུབ་ཅི་ཐུབ་ཀྱིས་བོད་ཡིག་སློབ་རྒྱུའི་ཐད་ལ་གཞེན་སྐུལ་བྱོས། སློབ་གསོ་སྤྲོད།  ཅེས་བཀའ་སློབ་བསྩལ་འདུགབོད་རྒྱ་གཉིས་ནས་འཆམ་མཐུན་མཉམ་གནས་ཀྱིས་ཕན་ཚུན་རོགས་རེས་བྱེད་དགོས་སྐོར་ཁོང་གིས། དེང་སྐབས་ང་ཚོ་བོད་པ་འབུ་ཆེས་ཆུང་བཟོས་ཟེར་བ་ལྟར་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱིས་མནན་ནས་ཡོད། འོན་ཀྱང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་འདི་རྒྱ་མི་རིགས་ཀྱི་ཆོས་དང་རིག་གཞུང་ལས་ལྷག་པ་མ་གཏོགས་སྐྱོ་བ་རྩ་བ་ནས་མེད།   བོད་མིའི་ཁྲོད་ནས་ཕར་རྒྱ་མིའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་མཁན་གཅིག་ཀྱང་མེད།  རྒྱ་མི་རིགས་ས་ཡ་མང་པོས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཚུར་ཞུགས་བཞིན་ཡོད། རྒྱ་མི་གཅིག་པུ་མིན། འཛམ་གླིང་གང་ས་ནས་བོད་ཀྱི་སངས་རྒྱས་པའི་ལྟ་གྲུབ་བཤད་ཡོང་སྐབས་ཚན་རིག་པ་ཚོ་ཡང་ངོ་མཚར་སྐྱེ་བཞིན་ཡོད། དེ་ཡོད་ཐག་ཆོད་རེད། དེར་བརྟེན་ང་ཚོ་བོད་མི་ཞིག་ཡིན་པའི་ངོས་ནས་སྤོབས་པ་བྱེད་ཆོག་པ་ཞིག་འདུག  སྔོན་མ་ང་ཚོ་རྒྱ་གར་དུ་ཐོག་མར་འབྱོར་མཚམས་དེར་བོད་པ་ཡིན་ཞེས་བརྗོད་རྒྱུར་ཅུང་ཟད་ངོ་ཚ་བྱེད་ཀྱི་ཡོད་ལ།  ལག་པར་ཕྲེང་བ་འཁྱེར་རྒྱུ་མི་བདེ་བ་བྱེད་པའི་གནས་སྟངས་བྱུང་ཡོད།  དེ་ནས་རིམ་བཞིན་ནུབ་ཕྱོགས་པའི་(Hippy) མང་པོ་ཡོང་སྟེ། བོད་པའི་ཆོས་ལ་དོ་སྣང་ཆེན་པོ་བྱས་པར་བརྟེན། བོད་པའི་གཞོན་སྐྱེས་ཚོས་ཕྲེང་བ་འདོགས་པའི་གནས་སྟངས་ཆགས་པ་རེད། ཅེས་བཞད་མོ་བཞད།

དེང་སང་གི་དུས་འདིར་སྔར་རང་རེས་ཕར་ངོ་མཚར་སྐྱེ་ཡུལ་ཕྱི་གླིང་བ་དེ་དག་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཚུར་དོ་སྣང་བྱེད་ཀྱི་ཡོད་ལ། ཚན་རིག་པ་སྙན་གྲགས་ཡོད་པ་དེ་དག་གིས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ནས་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་ཚོའི་གྲས་ལ་དོ་སྣང་བྱས་ཏེ་སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན། ང་ཚོ་བོད་མི་རིགས་ཀྱི་དུས་ཚོད་ཧ་ཅང་ཁག་པོ་ཡོད་པའི་སྐབས་འདིར་ང་ཚོས་མི་གོ་བཅད་ཡོད།  འཛམ་གླིང་འདིའི་སྟེང་མི་རིགས་འདྲ་འདྲའི་ནང་ནས་སྤོབས་པ་བྱེད་འོས་པའི་མི་རིགས་ཤིག་ཏུ་གྱུར་ཡོད་ཅིང་། རྒྱ་མི་རིགས་མང་པོ་ཞིག་གིས་ཀྱང་ང་ཚོར་དགའ་མོས་བྱེད་ཀྱི་ཡོད།  ཆབ་སྲིད་ཀྱི་ཐོག་ནས་ང་ཚོས་རང་བཙན་དགོས་པར་བཤད་དེ་ཁ་བྲལ་བྱེད་ཀྱི་མེད་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ནང་རྒྱ་མི་རིགས་དང་འཆམ་མཐུན་ངང་མཉམ་གནས་བྱེད་རྒྱུ་དང་། བོད་ཡུལ་ཡར་རྒྱས་གཏོང་ཆེད་དཔལ་འབྱོར་གྱི་ཐོག་ནས་རྒྱ་མི་རིགས་ཀྱིས་ཚུར་རོགས་རམ་བྱ་རྒྱུ་དང་།  བོད་ནང་དཔལ་འབྱོར་འཛུགས་སྐུན་དེ་དག་རྒྱ་ནག་གིས་ཚུར་རོགས་བྱས། རྒྱ་ནག་ནང་ནང་ཆོས་དང་འབྲེལ་བའི་ཤེས་ཡོན་ཡར་རྒྱས་ཐད་བོད་པས་ཕར་རོགས་རམ་བྱེད་ཐུབ་པ་ཞིག་ཏན་ཏན་ཡོང་ངེས། བློ་བདེ་པོ་བྱོས། ཞེས་སོགས་ཀྱི་བཀའ་སློབ་བསྩལ་ཡོད་པ་རེད།

སྐུ་སྒེར་དྲ་བའི་མཛད་འཆར་ལྟར་ན། ཕྱི་ཟླ་ ༦ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། ཕྱི་ཚེས་ ༤ ཉིན་ནས་བླ་སྤྲུལ་དགེ་བཤེས་གང་རུང་ནས་ནང་ཆོས་ངོ་སྤྲོད་གནང་རྒྱུ། ཕྱི་ཚེས་ ༥  ཉིན་༧གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ཞུས་དོན་ལྟར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༢༩

Leave a Reply

One thought on “བོད་རིགས་རྒན་པ་ཚོས་གསོན་པའི་རིང་གཞོན་སྐྱེས་ཚོར་བོད་སྐད་བོད་ཡིག་སློབ་རོགས།