བཀག་སྡོམ་དམ་དྲག་འོག་གི་དྲུག་བཞིའི་དོན་རྐྱེན་བསླེབ་ལ་ཉེ།

རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་ལས་འགུལ་བ་རྣམས་འཛིན་བཟུང་དང་ལྟ་རྟོག་ནན་མོ་བྱེད་བཞིན་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐྱོན་བརྗོད་བྱས་འདུག

ཁ་སང་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པས་གཞུང་འབྲེལ་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༠ འཁོར་ལ་ཉེ་བའི་སྐབས་དང་བསྟུན། འདས་པའི་བདུན་ཕྲག་འགའ་ཤས་རིང་ནས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་བྱེད་འདོད་ཡོད་མཁན་གྱི་ལས་འགུལ་བ་དང་། དྲུག་བཞིའི་དོན་སྐྱེན་སྐབས་རྐྱེན་འདས་སོང་བའི་ལས་འགུལ་བ་རྣམས་ཀྱི་ཤུལ་ལུས་ནང་མི་རྣམས་བཀག་ཉར་དང་། བཟང་བཙོན། དེ་བཞིན་ཉེན་བརྡ་དང་དོ་དམ་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་སྐོར་བཀོད་འདུག

ཚོགས་པ་དེས་སྤེལ་བའི་གནས་ཚུལ་ནང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་སི་ཁྲོན་ནས་ཡིན་པའི་རྒྱ་མི་ལས་འགུལ་བ་ཁྲན་པིང་(Chen Bing)ཞེས་པའི་ཕྱི་ལོ་ ༢༠༡༦ ལོར་ཨ་རག་གི་དམ་བེའི་སྟེང་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་སྒྱོགས་མིའི་(Tankman)པར་རིས་བཞག་སྟེ། དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་བྱེད་དགོས་པའི་སྐུལ་མ་བཏང་བའི་ལས་འགུལ་ཞིག་སྤེལ་བར། རྒྱ་ནག་གཞུང་གིས་ཁོས་ཟིང་འཁྲུག་སློང་གི་ཡོད་པའི་ཉེས་མིང་འོག་ལོ་གསུམ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། གཞན་ཡང་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གི་དངོས་བྱུང་གློག་བརྙན་ཕབ་སྐྲུན་པ་ཏེང་ཁྲོན་པིན་(Deng Chuanbin) གྱིས་སྒེར་གྱི་ཊི་ཝི་ཊར་སྤྱི་ཚོགས་དྲ་ལམ་དུ་སྒྱོགས་མིའི་རི་མོ་དང་། ཨང་གྲངས་ ༦ དང་ ༤ གསལ་བའི་ཨ་རག་གི་དམ་བེ་ཞིག་གི་པར་རིས་སྤེལ་བར། ཟིང་འཁྲུག་དང་དཀའ་རྙོག་བཟོ་བཞིན་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་བཀོད་འདུག

རྒྱལ་སྤྱིའི་ཉེ་ཡང་ཚོགས་པས་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༠ འཁོར་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གི་མགོ་འཁྲིད་ཚོས་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་རྐྱེན་འདས་སོང་བའི་ལས་འགུལ་བ་དག་ལ་མྱ་ངན་རྗེས་དྲན་བྱེད་མཁན་ཚོར་དོ་དམ་ལྟ་རྟོག་བྱེད་མཚམས་འཇོག་དགོས་པ་དང་། གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་དམར་གསོད་དོན་རྐྱེན་བྱུང་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་རྗེས། སྐབས་དེར་རྐྱེན་འདས་སུ་སོང་བའི་ལས་འགུལ་བ་དང་ཁོ་ཚོའི་ཤུལ་ལུས་ནང་མི་རྣམས་ལ་མ་མཐའ་ཡང་དྲང་བདེན་དགོས་པ་དང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་སྔར་གྱི་ཆབ་སྲིད་རྙིང་པའི་ལངས་ཕྱོགས་བཟུང་སྟེ། མུ་མཐུད་དངོས་ཡོད་གནས་ཚུལ་ཤེས་འདོད་ཡོད་མཁན་རྣམས་ལ་བཙན་གནོན་བརྒྱུད་དྲུག་བཞིའི་དོན་རྐྱེན་གྱི་དྲན་ཐོ་རྩ་ཡལ་དུ་གཏོང་ཐབས་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་པེ་ཅིན་དུ་གནས་སྡོད་རང་ལོ་ ༨༢ ཡིན་པའི་རྒན་མོ་ཏིང་ཙི་ལིན་(Ding Zilin) ཞེས་པའི་བུ་རང་ལོ་ ༡༧ སྐབས་དྲུག་བཞིའི་ལས་འགུལ་ནང་རྐྱེན་འདས་སུ་སོང་བར་བརྟེན། རྒྱ་ནག་གི་ཉེན་རྟོག་པས་ཁོ་མོར་པེ་ཅིན་དང་རྒྱང་ཐག་སྤྱི་ལེ་ ༡༡༠༠ ཡོད་པའི་རང་གི་གྲོང་སྡེ་ཝུ་ཤི་(Wuxi, Jiangsu) རུ་བཙན་གྱིས་གནས་སྤོ་རུ་བཅུག་ཡོད་པ་དང་། ཐིང་ཙི་ལིན་ནི་རྒྱ་ནག་གཞུང་ལ་དྲུག་བཞིའི་དམར་གསོད་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་རེ་འདུན་འདོན་མཁན་གྱི་གནམ་བདེ་སྒོ་མོ་ཆེའི་ཨ་མ་(Tainanmen Mothers)ཚོགས་པའི་ཚོགས་མི་གཙོ་བོ་ཞིག་ཡིན་པ་དང་། ལོ་རེ་བཞིན་དྲུག་བཞིའི་དོན་རྐྱེན་སྐབས་རྒྱ་ནག་གཞུང་གིས་ཁོ་ཚོར་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་ལྟར། འདི་ལོ་ཡང་རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་ཚོགས་པ་དེའི་ཚོགས་མི་རྣམས་ལ་ལྟ་རྟོག་དང་དམ་དྲག་ནན་མོ་བྱེད་བཞིན་ཡོད་འདུག
གཞན་ཡང་ཉེ་ཆར་ལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གཞུང་གིས་སྔོན་བརྡ་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་ནང་ཝེ་ཁེ་རིག་མཛོད(Wikipedia)བཀག་སྡོམ་བྱས་ཡོད་པ་དང་། གནད་དོན་དེ་ནི་ཐེངས་འདིའི་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བ་ཡོད་པ་དང་། མི་མང་ལ་དྲུག་བཞིའི་སྐོར་གྱི་གནས་ཚུལ་ཤེས་རྟོག་མི་ཡོང་ཆེད་དང་། བདེན་པ་ལ་འཇིགས་སྣང་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་སྐོར་སོགས་བཀོད་ཡོད་པ་དང་། ཡང་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཤར་ཨེ་ཤ་ཡའི་ཞིབ་འཇུག་འགན་འཛིན་རོ་སན་ར་ཧྥི་(Roseann Rife)ལགས་ཀྱིས། རྒྱ་ནག་གཞུང་ངོས་ནས་བཙན་གནོན་ཇི་ཙམ་བྱས་ན་ཡང་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་བྱུང་བའི་དམར་གསོད་དོན་རྐྱེན་གྱི་འཇིགས་སྣང་དེ་ཡལ་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱ་དགོས། ཞེས་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༥/༢༩

Leave a Reply

One thought on “བཀག་སྡོམ་དམ་དྲག་འོག་གི་དྲུག་བཞིའི་དོན་རྐྱེན་བསླེབ་ལ་ཉེ།

  1. ༄།དམར་གསོད་སྒོ་མོ་ཆེའི་མདུན་དུ་ལྷག་པའི་ཡ་ངལ་བའི་དོན་སྐྱེན་འདི་ང་ཚོ་བོད་མི་རྣམས་ཀྱི་ཀྱང་དྲན་གསོ་ཞུ་དགོས།རྒྱ་ནག་མི་མང་ལངས་རིན་འདུག་་་་་་ཨོཾ་མ་ཎྀ་པདྨ་ཧཱཽུཾཿ