ཐའེ་ཝན་གྱི་མི་སེར་ཐའེ་ཝན་ལ་རྩིས་སྤྲོད་རོགས།

རྒྱ་ནག་གཞུང་གི་རེ་སྐུལ་ལྟར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛིན་བཟུང་བྱས་པའི་ཐའེ་ཝན་གྱི་མི་སེར་དོགས་ཡོད་ཉེས་ཅན་ ༤ རྒྱ་ནག་ལ་རྩིས་སྤྲོད་འཆར་ཡོད་འདུག 
དེ་རིང་ཐའེ་ཝན་དུས་བབ་ཀྱི་གནས་ཚུལ་ལྟར་ན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲིང་རིམ་ཁྲིམས་ཁང་ (Prague High Court) གིས། ཐའེ་ཝན་གྱི་མི་སེར་ཡིན་པ་དོགས་ཡོད་ཉེས་ཅན་༨ འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས་མི ༤ རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། ཐའེ་ཝན་གཞུང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་བརྒྱུད་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐྱོ་པོ་ཡོད་དང་། ཐའེ་ཝན་གྱི་མི་སེར་ཐའེ་ཝན་རང་ལ་རྩིས་སྤྲད་དེ་ཁྲིམས་བཤེར་བྱ་རྒྱུ་ཡིན་པའི་རེ་སྐུལ་གནང་ཡོད་འདུག

གནད་དོན་དེ་འདས་ལོར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ (Interpol) བརྒྱུད་ཅེག་རྒྱལ་ཁབ་ནང་དོགས་གཞི་ཅན་གྱི་མི་སྣ་ ༨ གྱིས་ཁ་པར་ཀྱི་དྲ་བའི་ཞབས་ཞུ་བརྒྱུད། རྒྱ་ནག་གི་མི་སེར་ཚོའི་ལག་ནས་ཡོ་སྒོར་ས་ཡ་ ༡ ཙམ་གྱི་མགོ་སྐོར་བཏང་བས་མི་སྣ་དེ་དག་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས་པ་བཞིན། འདས་ལོའི་ཕྱི་ཟླ་ ༡ པོའི་ནང་ཅེག་རྒྱལ་ཁབ་ཀྱི་ཉེན་རྟོག་པས་གནས་ཚུལ་དེ་དང་འབྲེལ་ནས་ཐའེ་ཝན་གྱི་མི་སེར་ ༨ འཛིན་བཟུང་བྱས་ཡོད་པ་ལས་ ༤ རྒྱ་ནག་ལ་རྩིས་སྤྲོད་དང་དོགས་གཞི་ཅན་ ༤ ལ་ཅེག་རྒྱལ་ཁབ་གྱི་འབྲིང་རིམ་ཁྲིམས་ཁང་ནང་ཞིབ་གཅོད་བྱ་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་འདུག

ད་ལྟའི་ཆར་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་གཞུང་གིས་སྐུལ་མ་བྱས་པ་བཞིན་དོགས་གཞི་ཅན་གྱི་མི་ ༤ དེ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་པ་ལས། ཁོ་ཚོ་ག་དུས་ཤིག་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་མིན་གསལ་ཁ་མེད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དོགས་གཞི་ཅན་གྱི་མི་སྣ་དེ་དག་ལ་དྲང་བདེན་གྱི་ཁྲིམས་བཤེར་བྱ་རྒྱུ་ལས་སྲོག་ཁྲིམས་སོགས་མི་གཅོད་རྒྱུ་ཁས་ལེན་བྱས་ཡོད་འདུག

དོགས་གཞི་ཅན་ཚོའི་ཁྲིམས་རྩོད་པ་ཇན་ལེ་ཝེ་ (Jan Levy) ཡིས། ཅེག་གཞུང་གི་ཐག་གཅོད་དེ་ནི་གཞུང་གི་རྩ་ཁྲིམས་དང་འགལ་བའི་ཞུ་གཏུགས་བྱ་རྒྱུ་ཡིན། རྒྱ་ནག་གཞུང་ནས་སྲོག་ཁྲིམས་མི་གཅོད་པའི་ཁས་ལེན་བྱས་ཡོད་ནའང་། ང་ལ་ཞེད་སྣང་ཞིག་ཡོད་པ་ནི་རྒྱ་ནག་གཞུང་གིས་ཁྲིམས་གཅོད་ཀྱི་དབང་ཆ་སྤྱད་དེ་ཁོང་ཚོར་སྲོག་ཁྲིམས་གཅོད་སྲིད་པ་རེད། ཅེས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༤ ནང་པེ་ཅིན་ཏུ་ཚོགས་པའི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུའི་ཐོག ཅེག་རྒྱལ་ཁབ་གྱི་སྲིད་འཛིན་མཱེ་ལོ་སི་ཛ་མཱན་ (Milos Zeman) གྱིས་ཨ་རིའི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་གསང་ཉུལ་བྱེད་ཀྱི་ཡོད་པར་བརྗོད་བཞིན་པ་ནི་གཞི་མེད་ཡིན་པ་དང་། ཧྭ་ཝེ་ཡི་ཤུགས་ཚད་ ༥ པའི་དྲ་ལམ་ (5G networks) སོགས་ཅེག་རྒྱལ་ཁབ་ཀྱིས་ནང་འདྲེན་བྱ་འདོད་ཡོད་སྐོར་བརྗོད་པར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཅེག་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་ཧྭ་ཝེ་དང་ཧཱ་ཝེའི་ནོར་དོན་སྤྱི་གཉེར་བ་མེང་ཝན་ཀྲུའུ་ (Meng Wanzhou)ལ་འཛིན་པའི་ལངས་ཕྱོགས་ལ་བསྔགས་བརྗོད་དང་རྒྱ་ནག་གིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཇེ་ཟབ་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ ནང་ཅེག་རྒྱལ་ཁབ་གྱི་རྒྱལ་ས་ཕ་རལ་གྷོའི་ (Prague) སྤྱི་ཁྱབ་བློན་ཆེན་ (Zdenek Hrib)ཐའེ་ཝན་ནང་བསྐྱོད་སྐབས། རྒྱ་ནག་གཞུང་གིས་ཁོ་ལ་གནོན་ཤུགས་སྤྲད་དེ་ཕྱིར་འཐེན་བྱ་དགོས་སྐོར་བརྗོད་པར། སྤྱི་ཁྱབ་བློན་ཆེན་གྱིས་གནས་ཚུལ་དེ་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་པ་དང་། དེ་སྔོན་ངོས་ལེན་བྱས་མེད་ལ་མ་འོངས་པར་ཡང་གནས་ཚུལ་དེའི་རིགས་ལ་ངོས་ལེན་བྱ་ཐབས་མེད་པ་ཞིག་རེད། ཅེག་རྒྱལ་ཁབ་ཀྱི་ཆབ་སྲིད་པས་རྒྱ་ནག་གི་དགོས་འདུན་སྒྲུབ་དགོས་ཀྱི་མེད་སྐོར་བརྗོད་ཡོད་པ་དང་། ཁོང་སྒེར་གྱི་ངོ་དེབ་སྟེང་ཐའེ་ཝན་ནི་ཅེག་རྒྱལ་ཁབ་ནང་མ་འཛུགས་བྱེད་མཁན་ཆེ་ཤོས་དང་རྒྱ་ནག་གི་མ་འཛུགས་ཁས་ལེན་བྱས་པ་རྣམས་ནི་ཁ་སྟོང་ཙམ་ཡིན་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༥/༢༩

Leave a Reply

One thought on “ཐའེ་ཝན་གྱི་མི་སེར་ཐའེ་ཝན་ལ་རྩིས་སྤྲོད་རོགས།

  1. དེ་རིང་རྒྱལ་ཁབ་དེའི་བྱ་སྤྱོད་ནི་ཐེ་ཝན་དང་རྒྱ་ནག་གཉིས་ཀ་ནས་མ་དངུལ་མང་ཙམ་འཛུགས་རྒྱུའི་སྲིད་ཇུས་ཞིག་ཡིན་པ་འདྲ།