བོད་མི་བཙན་བྱོལ་བ་ཞིག་ལ་མཚོན་ན། མོ་རྡི་(Modi)ཡིས་སྣེ་ཁྲིད་པའི་རྒྱ་གར་གཞུང་འཛིན་ཚོགས་པ་དེ་ཅི་ཞིག་ཡིན་ནམ།

ཀུན་ཚང་ཐོགས་མེད།  ཨཱོག་སུ་སྤོར་སློབ་ཆེན།

ཉེ་ཆར་ཕྱི་ཟླ་ ༥ བའི་ཚེས་ ༢༣ ཉིན།  རྒྱ་གར་དབུས་གཞུང་འོས་བསྡུ་ལྷན་ཁང་གིས་གྲོས་ཚོགས་འོག་མའི་འོས་བསྡུ་ཐེངས་བཅུ་བདུན་པའི་གྲུབ་འབྲས་གསལ་བསྒྲགས་བྱས་པ་ལྟར་ན།   སྤྱིར་གྲོས་ཚོགས་འོག་མར་འཐུས་མི་གྲངས ༥༤༣ ཀྱི་རྐུབ་སྟེགས་ཡོད་པ་ལས།   བྷ་ར་ཏས་ཡ་ཇ་ན་ཊས་(BJP)སྣེ་ཁྲིད་པའི་ཚོགས་པར་(National Democratic Alliance-NDA)འཐུས་མི་ ༣༥༣ ཀྱི་རྐུབ་སྟེགས་ཐོབ་ཅིང་།  ཁ་གཏད་ཚོགས་པ་ཀོང་རེ་སིས་(INC)སྣེ་ཁྲིད་པའི་(United Progressive Alliance-UPA)ལ་འཐུས་མི ༩༠ ཀྱི་རྐུབ་སྟེགས་ལས་ཐོབ་མེད།   སྔོན་ཆད་དང་མི་འདྲ་བ་ཞིག་ལ།  གནས་སྟངས་དམིགས་བསལ་བ་ཞིག་གི་ཐོག་ནས།   རྒྱ་གར་དུ་སྡོད་པའི་བོད་མི་བཙན་བྱོལ་བ་མི་ཉུང་བ་ཞིག་ལ་འོས་བླུགས་པའི་གོ་སྐབས་ཐོབ་ཅིང་།  བོད་མི་དེ་དག་གིས་ཀྱང་མངོན་གསལ་དོད་པོས་སྐབས་འདིའི་འོས་བསྡུའི་ཆ་ཤས་བླངས་ཡོད་ལ།  དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་ཁྲོད་དུའང་།  འོས་བསྡུ་འདི་དང་འབྲེལ་བའི་བགྲོ་གླེང་དང་དཔྱད་བརྗོད་སོགས་གང་མང་བྱས་སོང་།   ཡ་མཚན་པ་ཞིག་ལ།  བོད་མི་མང་བོ་ཞིག་གིས་མོ་རྡི་(Narendra Modi)ཡིས་སྣེ་ཁྲིད་པའི། བྷ་ར་ཏས་ཡ་ཇ་ན་ཊའི་མཐུན་ཚོགས་(NDA)ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་བཞིན་པ་དེ་རེད།

མོ་རྡི་ཡིས་སྣེ་ཁྲིད་པའི་ཚོགས་པ་འདིས།  ཉེ་བའི་ལོ་བཞི་ལྷག་གི་རིང་དུ་རྒྱ་གར་གྱི་སྣེ་ཁྲིད་སྐབས།   ཆོས་ལུགས་རང་དབང་དང་རིག་གཞུང་མཉམ་གནས་ལ་ཆེས་རྩ་ཆེར་འཛིན་པའི་སྤྱི་ཚོགས་འདི།  ད་ལྟ་ཧིན་རྡུ་(Hindu)ཆོས་ལུགས་དང་ཧིན་རྡུའི་རིག་གཞུང་ཁོ་ནས་ཁ་ལོ་བསྒྱུར་བའི་ལམ་ཁ་ཞིག་ཏུ་སྣེ་ཁྲིད་བྱེད་བཞིན་ཡོད།  ཉེ་བའི་ལོ་འདི་དག་ལ།  མོ་རྡི་དང་ཧིན་རྡུ་ཐལ་སྤྱོད་པའི་ཆབ་སྲིད་ཀྱི་གཤོག་འོག་ནས་སྐྱེས་ཤིང་།  རོགས་སྐྱོར་འོག་ཏུ་སྟོབས་ཤུགས་རྒྱས་བཞིན་པའི་ཧིན་རྡུ་ཆོས་ལུགས་ཀྱི་དང་བླངས་དྲག་སྤྱོད་པ་མང་བོས།  ཨེས་སུ་ལམ་(Islam)ཆོས་ལུགས་ཀྱི་རྗེས་འཇུག་མི་སེར་བརྒྱ་ལྷག་ཉེས་མིང་སྣ་ཚོགས་ཀྱི་འོག་ཏུ་   རུབ་བརྡུང་དམར་གསོད་བཏང་ཡོད་ལ།  དེ་བཞིན་ཧིན་རྡུ་མ་ཡིན་པའི་ཡེ་ཤུ་(Christianity)དང་། ཇེན(Jainism)།  སིག་(Sikhism)སོགས་ཀྱི་རྗེས་འཇུག་པ་མང་བོར།  ཧིན་རྡུ་ལུགས་ཀྱི་ཆོས་ཁྲིམས་དག་བཙན་གྱིས་བཀལ་ནས།  མངོན་ལྐོག་ཅི་རིགས་ནས་སུན་བཙུར་དང་བརྙས་བཅོས།  ཐ་ན་གྲངས་ཉུང་ཆོས་ལུགས་གཞན་པའི་བུད་མེད་ལ་བཙན་གཡེམ་སོགས་གནད་དོན་འདྲ་མིན་ལྷག་བཞིན་ཡོད།

བོད་མི་བཙན་བྱོལ་བ་དག་ནི།  སོ་སོའི་ཕ་ཡུལ་གྱི་ཆོས་ལུགས་རང་དབང་དང་།  བསམ་བློའི་རང་དབང་།  ཆབ་སྲིད་ཀྱི་རང་དབང་སོགས་མདོར་ན།  རྒྱལ་ཁབ་ཀྱི་བདག་དབང་དང་འགྲོ་བ་མིའི་འདྲ་མཉམ་རྩོད་ལེན་སོགས།  རླབས་ཆེ་བའི་ཕུགས་བསམ་མང་བོ་ཞིག་གི་ཕྱིར་ཏུ།  གཅེས་སུ་འོས་པའི་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཞིང་ས་མཐའི་འཚོ་བ་གདོང་གིས་བསུས་ནས།  འཐབ་རྩོད་བྱེད་མཁན་ཞེ་ཅིག་ཡིན་པར་ཡང་ཡང་སྒྲོག་བཞིན་ཡོད་པ་རེད།  ད་དུང་།  བོད་མི་ཚོས།  ཁོང་ཚོ་ནི་དཔལ་འབྱོར་དང་རང་བྱུང་ཐན་པ་སོགས་ལ་གཡོལ་མཁན་གྱི་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར།   ཁོང་ཚོ་ནི་རྒྱབ་ཁབ་ཀྱི་བདག་དབང་དང་།   མི་རིགས་ཀྱི་རང་དབང་རྩོད་མཁན་བཙན་བྱོལ་བའི་དཔུང་ཁག་ཅིག་ཡིན་པར་སེམས་བཞིན་ཡོད་པ་རེད།  ཐ་ན།  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧ གོང་ས་མཆོག་གིས་ཀྱང་།  ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་བདེ་སོགས་ནི།  ཁོང་ཉིད་ཀྱི་མི་ཚེའི་རྩ་བའི་དམ་བཅའ་ཆེན་པོ་གསུམ་གྱི་ཁོངས་སུ་ཡོད་པ་བོད་མི་ཚོར་ཡང་ཡང་གསུངས་མྱོང་བ་རེད།

འདི་ལྟ་བུའི་ཕུགས་བསམ་རླབས་ཆེན་འཛིན་མཁན་གྱི་མི་ཚོགས་ཤིག་དང་།  འདི་ལྟ་བུའི་རླབས་ཆེན་དབུ་ཁྲིད་ཅིག་གི་དགོངས་གཞི་ལམ་སྟོན་འོག་ཤར་སྐྱོད་བྱེད་མཁན་ཚོས།   ཅིའི་ཕྱིར།   ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་བདེ་ལ་གཏོར་བཤིག་རྡོག་རོལ་གཏོང་མཁན་གྱི་ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པ་(NDA)ལ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད།   བསམ་བློ་གཏིང་ཟབ་མོ་ཞིག་བཏང་བ་ཡིན་ན།    བྱེད་སྟངས་འདི་ནི་རང་ཉིད་བཙན་བྱོལ་དུ་སླེབས་དགོས་པའི་དམིགས་ཡུལ་དང་།   རང་དབང་དང་འདྲ་མཉམ་ལ་དགའ་བའི་བོད་མི་བཙན་བྱོལ་བ་ཞིག་གི་མི་ཚེའི་རིན་ཐང་དང་ཕུགས་བསམ་གྱི་ལྡོག་ཕྱོགས་སུ་ལངས་པ་མ་ཡིན་ནམ།  སྐབས་འདིར་བོད་མི་མང་བོ་ཞིག་གིས།  ལམ་སང་ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པ་འདིས་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་བཏང་རབས་དང་།  ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་བཏང་ལུགས་སོགས་ཀྱི་རྒྱུ་མཚན་གནས་ལུགས་ལྟར་སྣང་བ་ཁ་ཤས་བགྲང་སྲིད།  འོན་ཀྱང་།  རང་དབང་དང་འདྲ་མཉམ་མེད་ཚེ།  དཔལ་འབྱོར་གྱི་ཡར་རྒྱས་ཙམ་ལ་དོན་སྙིང་མེད་ཅེས་སྒྲོག་མཁན་བོད་མི་རང་ཉིད་མ་ཡིན་ནམ།   བོད་ནང་དུ་དཔལ་འབྱོར་ཡར་རྒྱས་ཅུང་ཟད་ཕྱིན་ཡོད་ནའང་།  བོད་མི་རྣམས་ལ་ཆོས་ལུགས་དང་བསམ་བློའི་རང་དབང་མེད་པར་བརྟེན།  ཁོ་ཚོ་ད་དུང་སྡུག་བསྔལ་དང་འཇིགས་སྐྲག་འབའ་ཞིག་གི་འོག་ཏུ་གནས་ཡོད་པར་བཤད་མཁན་བོད་མི་བཙན་བྱོལ་བ་ཚོ་མ་ཡིན་ནམ།

ཡང་བོད་མི་སྐོར་ཞིག་གིས།  མོ་རྡི་ཡིས་སྣེ་ཁྲིད་པའི་གཞུང་དེས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་བཞིན་མེད་རབས་དང་།  བོད་མིའི་འཐབ་རྩོད་དང་།   བོད་མིའི་ཆོས་དང་རིག་གཞུང་འཛིན་སྐྱོང་ལ་ཕན་ཐོགས་ཡོད་པར་སྨྲ་བཞིན་ཡོད།   རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ།   ཆབ་སྲིད་གཞུང་འཛིན་ཚོགས་པ་སུ་ཡིན་ཡང་རྩ་བའི་ཆ་ནས་འགྱུར་བ་མེད་པ།  བོད་བཙན་བྱོལ་གཞུང་གི་འདས་པའི་ལོ་ངོ་དྲུག་ཅུའི་ལོ་རྒྱུས་ལ་བལྟས་ན་ཧ་ཅང་གསལ་བོ་ཡིན།   དེ་བཞིན་ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པས་ཀྱང་རྒྱ་གར་གྱི་ཁེ་ཕན་གཙོ་བོར་བྱེད་པ་ལས།  བོད་པའི་གནད་དོན་ལ་ཅི་ཡང་བྱེད་འདོད་མེད་པ་གསལ་བོ་རེད།   ཉེ་ཆར་རྒྱ་གར་གྱི་གསར་འགོད་པ།   སོ་ནེས་ཡ་སེན་(Sonia Singh) ཀྱིས་ ༧གོང་ས་མཆོག་ལ་ཆེད་དུ་བཅར་འདྲི་བྱས་པ་ཞིག་ཁོང་མོའི་རྩོམ་དེབ་དུ་འཁོད་པ་ལྟར་ན།   “ཕྱི་ལོ ༢༠༡༤ ལོར།  རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་བློན་མོ་རྡི་དང་ཐུག་འཕྲད་དུ་བསླེབས་པ་རེད། སྐབས་དེར། ངས་(༧གོང་ས་མཆོག)སྲིད་འཛིན་ཞི་ཅིན་ཕེན་ལ་ཐུག་འཕྲད་བྱེད་པར་རེ་སྐུལ་ཞུས་པ་ལྟར།  ཁོས་ཀྱང་ཁས་ལེན་བྱས་སོང་།  འོན་ཀྱང་།  རྒྱ་གར་གཞུང་གིས་དོགས་ཟོན་ཆེན་པོ་བྱས་པར་བརྟེན། ཐུགས་འཕྲད་དེ་དངོས་སུ་བྱུང་མ་ཐུབ་པ་རེད།”ཅེས་གསུངས་འདུག ཐ་ན།  ཕྱི་ལོ ༢༠༡༨ ལོར།  ༧ གོང་ས་མཆོག་དང་བཙན་བྱོལ་མི་དམངས་རྣམས་རྒྱ་གར་དུ་བསླེབས་ནས་ལོ་ངོ་ ༦༠ འཁོར་བའི་བཀའ་དྲིན་རྗེས་དྲན་ཞིག་རྒྱལ་ས་ལྡི་ལིར་བསྲུང་རྩི་ཞུ་རྩིས་བྱེད་སྐབས།  རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་རྒྱ་གར་གཞུང་གིས་བོད་གཞུང་ལ་རྗེས་དྲན་མཛད་སྒོ་དེ་གློ་བུར་དུ་ཕྱིར་འཐེན་བྱེད་དགོས་པའི་བཀའ་ཕབས་ཡོད

ཡང་མི་རབས་རྒན་པ་སྐོར་ཞིག་གིས།  རྒྱ་གར་དང་རྒྱ་གར་མི་དམངས་ཀྱིས།  དུས་རབས་ཕྱེད་ལྷག་རིང་བོད་གཞུང་དང་བོད་མི་བཙན་བྱོལ་བ་ཚོར་རྒྱབ་སྐྱོར་བླ་མེད་བྱས་ཡོད་པར་བརྟེན།  གཞུང་འཛིན་ཚོགས་པར་ཅི་ཡང་བཤད་མི་རིགས་ཟེར།  གལ་སྲིད།  བོད་མི་བཙན་བྱོལ་བ་ཚོ།  རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གང་གི་ཕྱོགས་སུའང་མ་ལངས་པར་བཏང་སྙོམས་ཐོག་གནས་ཐུབ་པ་ཡིན་ན་དེའང་ཆེ་མཐོང་དང་ཤེས་རབ་ལྡན་པའི་ལམ་ཁ་ཞིག་ཡིན་སྲིད།  འོན་ཀྱང་།  རྒྱ་གར་བཀའ་དྲིན་ཆེན་པོ་ཡིན་པ་རྒྱུ་མཚན་དུ་བྱས་ནས།  གཞུང་འཛིན་ཚོགས་པ་སུ་ཡིན་ལ་རྒྱབ་སྐྱོར་བྱེད་དགོས་པར་འདོད་པ་ནི།  རྒྱ་གར་དང་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་གཉིས་བར་གྱི་དབྱེ་བ་མ་ཤེས་པའི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཉག་ཅིག་གོ།།   ཉེ་ཆར་མོ་རྡི་ཡིས་སྣེ་ཁྲིད་པའི་ཚོགས་པར་(NDA)འོས་ཤོག་མང་ཤོས་ཐོབ་མིན་ལ་མ་ལྟོས་པར།   ད་ལྟ་ཡང་རྒྱ་གར་གྱི་མི་སེར་ས་ཡ་མང་བོ་མོ་རྡི་དང་ཁོའི་ཚོགས་པའི་ཁ་གཏད་དུ་ལངས་ནས་དེ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད།  འོན་ཀྱང་།   དེས་ཁོ་ཚོར་རྒྱ་གར་རྒྱལ་ཁབ་དང་མི་རིགས་ལ་དགའ་ཞེན་མེད་པ་ནམ་ཡང་མཚོན་མི་ཐུབ།  དེ་ལས་ལྡོག་སྟེ།  གནད་དོན་འདིས་རྒྱ་གར་གྱི་སྤྱི་སེམས་ཆེ་བའི་མི་སེར་མང་བོ་ཞིག་གིས།  རང་ཉིད་སོ་སོའི་རིན་ཐང་ལྟ་བ་དང་ཕུགས་བསམ་གཞིར་བཟུང་ནས་རྒྱ་གར་གྱི་མ་འོངས་བར་སེམས་ཁུར་བྱེད་བཞིན་ཡོད་པ་མཚོན་ཐུབ།

དེར་བརྟེན།  རང་དབང་ལ་དགའ་ཞིང་འདྲ་མཉམ་ལ་དུང་བའི་བོད་མི་བཙན་བྱོལ་བ་ཚོ་ཡང་།  རང་ཉིད་སོ་སོའི་མི་ཚེའི་ལྟ་བ་དང་འཐབ་རྩོད་ཀྱི་ཕུགས་བསམ་ཁྲོད་དུ་ཁ་ཕྱོགས་བརྟན་པོར་ལངས་ནས།    བཙན་གནོན་དང་ཞི་བདེ་གཏོར་བཤིག་གཏོང་མཁན་གྱི་ཁ་གཏད་དུ་ལངས་མ་ཐུབ་ཀྱང་།  དེ་དག་གི་གྲོགས་དང་རྒྱབ་སྐྱོར་མཁན་དུ་འགྱུར་མི་རུང་བ་ནི།    མི་རིགས་ཀྱི་རང་དབང་འཐབ་རྩོད་པ་ཞིག་ལ་མཚོན་ནས་བཤད་ན།   ཆེས་མ་མཐའི་ཆ་རྐྱེན་དེ་མ་ཡིན་ནམ།

བསྐྱར་བཅོས།: ༢༠༡༩/༠༥/༣༠

Leave a Reply

4 thoughts on “བོད་མི་བཙན་བྱོལ་བ་ཞིག་ལ་མཚོན་ན། མོ་རྡི་(Modi)ཡིས་སྣེ་ཁྲིད་པའི་རྒྱ་གར་གཞུང་འཛིན་ཚོགས་པ་དེ་ཅི་ཞིག་ཡིན་ནམ།

  1. ཆབ་ཚང་འཇམ་དཔལ།

    ཀུན་ཚང་ཐོགས་མེད་ལ་ཞུ་རྒྱུར། ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེང་མ་བཤད་རོགས། ཆབ་སྲིད་ཀྱི་གོ་རྟོགས་གང་ཡང་མེད་པའི་གཏམ་ཉག་ཉོག་ལུང་པ་གང་བཤད་པས་ཕན་ཐོགས་ཅི་ཞིག་འདུག ཆབ་སྲིད་ཀྱི་བསམ་བློའི་རྨང་གཞི་སྐྱོ་བོ་དེ་འདྲ་ཞིག་བྱིས་པ་བསམ་མེད་ཅིག་གིས་ཀྱང་གཏང་ཐུབ་མདོག་ཁ་བོ་རེད། དངོས་གནས་ཡིན། རྗེས་མར་ངུ་བྲོ་བའི་ཆབ་སྲིད་དཔྱད་བརྗོད་དེ་འདྲ་མ་སྤེལ་རོགས། དོན་སྙིང་གང་ཡང་མི་འདུག ངས་སྙིང་ནས་རེ་བ་ཞུ་བཞུན་ཡོད། ངོ་མ་གླེན་པ་རང་རེད། ཁྱོད་རང་ལ་རྒྱ་གར་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་གང་ལའང་རྒྱུས་མངའ་རྩྭ་རྩེའི་ཟིལ་བ་ཙམ་ཡང་མི་འདུག དངོས་གནས་ཡིན།

  2. ༄།རྒྱ་གར་གཞུང་འཛིན་ཚོགས་པ་སུ་ཞིག་གི་གཞུང་འཛིན་སྐྱོང་བྱེད་ཀྱང་བོད་མི་བཙན་བྱོལ་བ་ལ་ཁྱད་པ་དེ་ཙམ་མི་འགྲོ་བ་མི་ལོ་དྲུག་ཅུ་རིང་ང་ཚོས་ཤེས་བཞིན་པ་ཡིན་པས་དོག་སློང་དགོས་དོན་མེད།འོས་ཀྱི་ཆ་ཤས་ལེན་མཁན་བོད་མི་འབུམ་གཅིག་ནས་བཞི་བརྒྱ་མ་ཟིན་ཙམ་ལས་མེད་པས་གཞུང་འཛིན་ཚོགས་པ་རྒྱབ་སྐྱོར་ཤུགས་ཆེན་པོ་ཟེར་བ་དང་མང་པོ་ཞེས་པ་ནི་འུར་སྒྲོག་རེད།བོད་མི་རྣམས་ནི་བཙན་བྱོལ་བ་ཡིན་པས་རྒྱ་གར་འོས་བསྡུའི་སྐབས་གཞུང་འཛིན་་ཚོགས་པ་ལ་ཁ་གཏད་ལངས་རྒྱུའི་ཐོབ་ཐང་མེད་ལ་ལངས་དགོས་དོན་ཀྱང་མེད།་་་་མཐའ་མ་ཀུན་ཙང་ཐོག་མེད་ལགས་ཁྱོད་ཕྱི་ཡུལ་དུ་ཡོད་ཀྱང་བོད་མི་སྒྲིག་འཛུགས་དང་བཙན་བྱོལ་བ་འབུམ་གཅིག་རྒྱ་གར་སྐྱབས་བཅོལ་གནས་ཡོད་པས་གནས་ཡུལ་གཞུང་ལ་དམའ་འབེབས་དང་ཕྱོགས་ལྷུང་ཅན་གྱི་དཔྱོད་བརྗོད་འདི་ལྟ་བུ་ཞིག་སྤེལ་བ་ཕན་ཐོག་གང་ཡང་མེད་པས་མ་འོང་ཡིད་ཟབ་བྱས་རོགས།

  3. གཞུང་པ་ཚེ་དབང་བསོད་ནམས་

    གནས་ཡུལ་རྒྱལ་ཁབ་ཀྱི་འོས་བསྡུའི་སྒྲུབ་འབྲས་ལ་ཕྱི་མིག་
    བལྟ་སྐབས་ཧིན་འདུ་ཆོས་ལུགས་ཀྱི་དད་པའི་རྗེས་འབྲང་དེ་
    རྒྱལ་ཁབ་ཡར་རྒྱས་གཏོང་བའི་ཆབ་སྲིད་འཆར་གཞི་ལས་གལ་
    ཆེར་རྩིས་ནས་ཆབ་སྲིད་རིག་པའི་རྗེས་འབྲང་ཚོར་ཕམ་ཉེས་ཤོར་བ་
    བ་མ་རེད་དམ།

  4. བློ་བཟང་བཟོད་པ།

    ཀུན་ཚང་ཐོགས་མེད་ལགས་སུ། ཁྱེད་ནི་ནུབ་ཕྱོགས་མཐོ་རིམས་འགྲིམ་བཞིན་པའི་སློབ་མ་ཞིག་གི་བརྙན་འཕྲིན་དང། ཚགས་པར། དུས་དེབ། དཔྱད་བརྗོད་པ་འགའ་ཞིག་བཅས་ཀྱི་ཟེར་འཕྲོས་དང། ཤོག་བུའི་སྟེང་ཁོ་ནར་མགོ་འཁོར་གྱི་གོ་ལ་དེའི་སྟེང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང། ཆོས་ལུགས་རིས་མེད་འདྲ་མཉམ་ཐོག་འཚོ་གནས་ཐུབ་པའི་སྟོབས་ཆེན་རྒྱལ་ཁབ་དེའི་གཞུང་འཛིན་ཚོགས་པར་དམའ་འབེབས། དེར་དགའ་ཞེན་བྱ་མཁན་བོད་མི་རེ་གཉིས་འོས་ཤོག་བླུགས་མཁན་ཚོར་དམའ་འབེབས་ཀྱིས་ཕྱོགས་ལྷུང་གི་དཔྱད་བརྗོད་དེ་འདྲ་བྲིས་དོན་འདུག་གམ།