སྔ་འགྱུར་རྙིང་མའི་ཁྲི་རབས་བརྒྱད་པ་བསྐྱར་དུ་བསྐོ་བཞག་གནང་རྒྱུ་ཡིན་འདུག

སྔ་འགྱུར་རྙིང་མའི་སྨོན་ལམ་སྐབས་ ༣༠ པའི་ཐོག་གྲུབ་དབང་རྫོགས་སྤྲུལ་བདུན་པ་༧བསྟན་འཛིན་འཇིགས་བྲལ་ལྷུན་པོ་མཆོག་སྔ་འགྱུར་རྙིང་མའི་ཁྲི་རབས་བརྒྱད་པར་བཞུགས་དགོས་པའི་ཐག་གཅོད་གནང་ཡོད་ཀྱང་རིན་པོ་ཆེས་ཞལ་བཞེས་གནང་མི་འདུགཁ་སང་སྔ་འགྱུར་རྙིང་མའི་གདན་ས་ཁག་གི་སྐུ་ཚབ་དང་། རྡོར་གདན་རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། བལ་ཡུལ། འབྲས་ལྗོང་། འབྲུག་བཅས་ཀྱི་སྐུ་ཚབ་དང་། རྙིང་མའི་སྤྱི་འཐུས་རྣམ་གཉིས་བཅས་གྲུབ་དབང་རྫོགས་སྤྲུལ་བདུན་པ་༧བསྟན་འཛིན་འཇིགས་བྲལ་ལྷུན་པོ་མཆོག་གི་དྲུང་དུ་ཆེད་བཅར་གྱིས། རིན་པོ་ཆེ་མཆོག་རྙིང་མའི་ཁྲི་རབས་བརྒྱད་པར་བཞུགས་དགོས་པའི་གསོལ་འདེབས་ཞུས་ཡོད་ཀྱང་། རིན་པོ་ཆེ་མཆོག་ནས་སྐུའི་འཕྲོད་བཞེས་སོགས་ཀྱིས་རྙིང་མའི་ཁྲི་རབས་བརྒྱད་པར་བཞུགས་རྒྱུ་ཞལ་བཞེས་གནང་མི་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་སུ། རིན་པོ་ཆེ་མཆོག་ནས་ཞལ་བཞེས་མ་གནང་བའི་རྒྱུ་མཚན་ཅི་ཡིན་དྲིས་པར་ཁོང་གིས། རྫོགས་ཆེན་རིན་པོ་ཆེ་རྙིང་མའི་ཁྲི་རབས་བརྒྱད་པར་བསྐོ་བཞག་གནང་རྒྱུ་དེ་འདི་ལོའི་རྡོར་གདན་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་གཏན་འབེབ་གནང་ཡོད་ན་ཡང་། དེ་ནས་བཟུང་ང་ཚོ་དུས་ཚོད་སོགས་ཀྱིས་ད་བར་ཁོང་གི་མདུན་ལ་བཅར་ཐུབ་མེད་པ་དང་། ཐེངས་འདིར་རིན་པོ་ཆེས་དུས་ཚོད་གནང་བ་ལྟར་རིན་པོ་ཆེར་རྙིང་མ་སྤྱི་ཡོངས་ཀྱི་ཐག་གཅོད་གནང་པ་བཞིན་ཁོང་རྙིང་མའི་ཁྲི་རབས་བརྒྱད་པར་བཞུགས་དགོས་པའི་གསོལ་འདེབས་ཞུས་སྐབས། རིན་པོ་ཆེས་དུས་རྒྱུན་གྱི་དགོངས་པ་བཞེས་སྟངས་སོགས་ཀྱིས་རྙིང་མ་སྤྱིའི་ཁྲི་རབས་ལ་བཞུགས་རྒྱུའི་ཐུགས་བཀོད་སོགས་མེད་པ་དང་། ཕྱོགས་གཞན་ཞིག་ནས་རིན་པོ་ཆེའི་སྐུའི་འཕྲོད་བཞེས་ཐད་ནས་ཕྱི་ལུགས་དང་བོད་ལུགས་སྨན་པ་རྣམས་ནས་སྐུ་ལྷོད་ལྷོད་བཞུགས་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་གི་ཡོད་པ་སོགས།  རྒྱུ་མཚན་གཙོ་བོ་དེ་འདྲ་ཞིག་གིས་རྙིང་མའི་ཁྲི་རབས་ལ་བཞུགས་མ་ཐུབ་པ་ཡིན་སྐོར་གསུངས་བྱུང་།

གནས་ཚུལ་དེའི་སྐོར་ལ་རྙིང་མའི་མ་དགོན་ཁག་གི་སྐུ་ཚབ་དང་རྙིང་མའི་སྨོན་ལམ་གྱི་རྒྱུན་ལས། རྙིང་མའི་སྤྱི་འཐུས་གཉིས་བཅས་ཐུན་མོང་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དེ་ཡང་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༠ པའི་ཐོག་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་གྲོས་མོལ་བྱུང་དོན་དང་། དེའི་སྔོན་སྨོན་ལམ་ཆེན་མོ་སྐབས་ ༢༩ པའི་ཐོག་སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་བསྟན་པའི་བདག་པོ་རྣམས་རེས་མོས་ཀྱིས་ལོ་གསུམ་རེར་གནང་གཏན་ཁེལ་བའི་ཐག་གཅོད་སོར་གནས་དགོངས་དོན་བཞིན།  ༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བརྒྱད་པ་ཞལ་བཞེས་གནང་ཐོབ་བྱུང་མ་སོང་། ཞེས་དང་། མ་འོངས་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་སྔོན་ནས་ཐག་གཅོད་བཞིན་འདི་ལོའི་རྡོ་གདན་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་རྙིང་མའི་བླ་ཆེན་ཁག་དང་སྐུ་ཚབ་བཅས་ནས་གོ་བསྡུར་གྱིས་གནང་ཕྱོགས་ཡོང་རྒྱུ་ཡིན་སྐོར་གསུངས་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་  ༡༩ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་བལ་ཡུལ་ཀྱི་ཡང་ལེ་ཤོད་དུ་གློ་བུར་སྐུ་གཤེགས་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡ པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༢༩ པའི་ཐོག་གཏན་འབེབ་བྱུང་བ་གཞིར་བཟུང་། མ་འོངས་པར་སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་བསྟན་པའི་བདག་པོ་རྣམ་པ་རེས་མོས་ཀྱིས་ཁྲིར་ཕེབས་དགོས་ཀྱི་ཡོད་འདུག

འབྲེལ་ཡོད་གནས་ཚུལ། 

ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་གཤེགས།

རྫོགས་ཆེན་རིན་པོ་ཆེ་རྙིང་མའི་ཁྲི་རབས་བརྒྱད་པར་བསྐོ་བཞག་ཞུ་གཏན་འཁེལ།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༣༠

Leave a Reply

One thought on “སྔ་འགྱུར་རྙིང་མའི་ཁྲི་རབས་བརྒྱད་པ་བསྐྱར་དུ་བསྐོ་བཞག་གནང་རྒྱུ་ཡིན་འདུག

  1. ༄།རྙིང་མའི་ཆོས་རྒྱུད་ཀྱི་དབུ་འཛིན་ཞིག་ངེས་པར་དུ་དགོས་ལ་བཀའ་རྒྱུད་པ་ལ་ཡང་དབུ་འཛིན་ཞིག་བསྐོས་ཐུབ་པའི་དགོངས་བཞེས་དགོས་པ་མཁྱེན་མཁྱེེན་ཞུ།