སྲིད་བློན་མུ་དྷི་མཆོག་གི་དམ་འབུལ་མཛད་སྒོ་ཚོགས། 

སྲིད་བློན་མུ་དྷི་མཆོག་གི་ཐེངས་གཉིས་པའི་སྲིད་བློན་གྱི་དམ་འབུལ་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་དང་ཐའེ་ཝན་གྱི་སྐུ་ཚབ་མགྲོན་འབོད་གནང་མི་འདུགདེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྲིད་འཛིན་ཕོ་བྲང་(Rashtrapati Bhavan)དུ། སྲིད་བློན་མུ་དྷི་མཆོག་གི་སྲིད་བློན་སྐབས་གཉིས་པའི་དམ་འབུལ་མཛད་སྒོ་ཚོགས་ཡོད་པ་དང་། ད་ལན་གྱི་མཛད་སྒོའི་ཐོག་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤི་དང། འབར་མ། སིངྒ་ལ། ཐའེ་ལེན་ཌི། འབྲུག་ཡུལ། བལ་ཡུལ་བཅས་ཀྱི་སྲིད་བློན་དང་སྐུ་ཚབ་གཙོ་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེན་མོ་དང་། དེ་བཞིན་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཁག་གི་སྲིད་དོན་གནད་ཡོད་མི་སྣ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སོགས་ཁྱོན་གནད་ཡོད་མི་སྣ་ ༨༠༠༠ ལྷག་ཆེད་དུ་གདན་འདྲེན་གནང་ཡོད་ཀྱང་། འདི་ལོར་བོད་མིའི་སྒྲིག་འཛུགས་དང་ཐའེ་ཝན་གྱི་སྐུ་ཚབ་མགྲོན་འབོད་གནང་མེད་འདུག

སྲིད་བློན་མུ་དྷི་ཡིས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ན་ཐི་ཀོ་ཝིན་དྷི་(Ram Nath Kovind)མཆོག་གི་མདུན་ནས་སྲིད་བློན་གྱི་དམ་བཅའ་ཕུལ་གྲུབ་རྗེས། ད་ལན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་བྷི་ཇེ་པི་སྲིད་གཞུང་གི་ནང་སྲིད་བློན་ཆེན་སྐུ་ཞབས་རཱ་ཇ་ན་ཐི་སིང་དང་(Rajnath Singh)། བྷི་ཇེ་པི་ཚོགས་པའི་ཚོགས་གཙོ་ཨ་མི་ཏི་ཤཱ་(Amit Shah)། དེ་བཞིན་ནི་ཏིན་ཇེ་རཱམ་གྷ་དྷི་གྷ་རི་(Nitin Jairam Gatkari)དང་། སཱ་དྷ་ནན་དྷ་གྷོ་དྷ་(Sadananda Gowda)། ནིར་མཱ་ལླ་སི་ཏཱ་རཱམ་(Nirmala Sitharaman) སོགས་སྲིད་གཞུང་གསར་པའི་བློན་ཆེན་ ༥༧ གྱིས་དམ་བཅའ་ཕུལ།

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། སྤྱིར་འདི་ལོའི་སྲིད་བློན་དམ་འབུལ་གྱི་མཛད་སྒོའི་ཐོག་སྐུ་མགྲོན་ ༨༠༠༠ ལྷག་འཛོམས་ཡོད་པས།  རྒྱ་གར་གྱི་སྲིད་བློན་དམ་འབུལ་གྱི་མཛད་སྒོ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང་། དེ་རིང་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམས་མགྲོན་འབོད་བྱས་པའི་ཁྲོད། ཨོ་ཌི་ཤའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནཱ་ཝིམ་པ་ཊི་ནེག་(Naveem Patnaik)མཆོག་དང་། ཆཱ་ཊི་སི་གྷར་གྱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་བྷུ་པི་ཤི་སིང་བྷ་གྷེལ་(Bhupesh Singh Bhaghel)མཆོག་གཉིས་སྒེར་གྱི་དོན་དག་ཅིག་གིས་བཅར་ཐུབ་མེད་པ་དང་། དེ་བཞིན་ནུབ་བྷེང་གྷལ་གྱི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་མཱ་མཱ་ཏཱ་བྷ་ནེར་ཇི་(Mamata Banerjee)མཆོག་མངའ་སྡེ་དེའི་ནང་འཁྲུག་རྩོད་ཅིག་བྱུང་བའི་རྐྱེན་གྱིས་བཅར་ཐུབ་མེད་འདུགའདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ། འདི་ལོའི་རྒྱ་གར་སྲིད་བློ་མུ་དྷི་ཡི་དམ་འབུལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མགྲོན་འབོད་ཞུས་མེད་སྐོར་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ངས་གོ་ཐོས་བྱུང་བ་ཡིན་ན་ང་ཚོར་མགྲོན་ཤོག་དེ་འདྲ་འབྱོར་ཡོད་ས་མ་རེད། ཅེས་དང་། སྤྱིར་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་དང་། གང་ཡིན་ཟེར་ན། བོད་པའི་དཀའ་རྙོག་འདི་སེལ་ཐབས་ལ་རྒྱ་ནག་དང་རྒྱ་གར་གྱི་འབྲེལ་བ་དེ་ཡག་པོ་དགོས་ལ་ཁོར་ཡུག་ཀྱང་ཡག་པོ་ཞིག་བསྐྲུན་དགོས་ཀྱི་ཡོད་པ་རེད། རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་ཡག་པོ་ཆགས་པ་ཡིན་ན་བོད་པའི་དཀའ་རྙོག་དེ་སེལ་བར་ཕན་ཐོགས་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་འདི་ལྟ་བུའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཆེད་དུ་ད་ལན་གྱི་གནས་སྟངས་དེ་ཆགས་ཡིན་གྱི་རེད། ཅེས་གསུངས་བྱུང་།

ཡང་ད་ལན་མགྲོན་འབོད་མ་གནང་པ་དེ་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་རྐྱེན་པས་ཡིན་མིན་དྲིས་པར་ཁོང་གིས། གང་ལྟར་རྒྱ་གར་གཞུང་ངོས་ནས་སུ་མགྲོན་འབོད་བྱེད་མིན་དེ་ཁོ་རང་ཚོས་ཐག་གཅོད་གནང་རྒྱུ་ཞིག་ཡིན་ལ། དེ་སྔོན་ང་ཚོ་མགྲོན་འབོད་གནང་པ་དེ་སྐབས་དེའི་ཆབ་སྲིད་ཀྱི་འགྲོ་སྟངས་ཤིག་གི་ཆ་ནས་བྱུང་བ་ཞིག་རེད། ད་ལན་མགྲོན་འབོད་མ་གནང་པ་དེ་ཉེ་ལམ་ནས་ཡོང་རྒྱུའི་ཕྱི་ཟླ་ ༡༠ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་ལ་གདན་འདྲེན་ཞུས་ཏེ་བཀའ་མོལ་གནང་རྒྱུའི་འཆར་གཞི་ཞིག་འདིང་བཞིན་ཡོད་སྟབས། གཅིག་བྱས་ན་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཐབས་ཤེས་གནང་གི་ཡོད་སྲིད་པ་རེད། ཅེས་གསུངས་བྱུང་།

ཕྱི་ལོ་ ༢༠༡༤ ལོའི་སྲིད་བློན་མུ་དྷི་མཆོག་གི་དམ་འབུལ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཐའེ་ཝན་གྱི་ལྡི་ལི་སྐུ་ཚབ་ཁྲུང་ཀུ་ཝང་ཐི་ཡན་(Chung Kwang Tien) གཉིས་མགྲོན་འབོད་གནང་པ་ལྟར་བཅར་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དོ་ཕོག་བཏང་ཡོད་སྐོར་གྱི་གླེང་རྙོག་བཟོས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༥/༣༡

Leave a Reply

5 thoughts on “སྲིད་བློན་མུ་དྷི་མཆོག་གི་དམ་འབུལ་མཛད་སྒོ་ཚོགས། 

  1. གཞུང་པ་ཚེ་དབང་བསོད་ནམས་

    གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་བློན་ཁྲི་སྟོན་མཛད་སྒོ་ལ་བཙན་བྱོལ་བོད་མིའི་
    སྐུ་ཚབ་དང་ཐེ་ཝན་གྱི་སྐུ་ཚབ་མགྲོད་འབོད་མ་གནང་བ་ལ་ཧང་སང་དགོས་
    པ་གང་ཡང་མཐོང་མ་སོང་ལ་དེ་སྔོན་ཕྱི་ལོ་༢༠༡༤ ལོར་སྲིད་བློན་ཁྲི་སྟོན་ལ་
    ང་ཚོའི་སྲིད་སྐྱོང་མཆོག་མགྲོན་འབོད་གནང་ཀྱང་དོན་དངོས་བོད་དང་འབྲེལ་བའི་
    ཆབ་སྲིད་ལ་ནུས་པ་གང་ཡང་མེད་པ་སྔ་ལོ་རྒྱ་གར་གཞུང་མང་ལ་ང་ཚོའི་ཐུགས་
    རྗེ་ཆེ་ཞུའི་མཛད་སྒོ་ལ་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཕེབས་མ་ཆོག་པ་བཟོས་པ་
    ནས་ལོང་བས་བལྟས་ཀྱང་ཁམས་གསུམ་དང་འོན་པས་ཉན་ཀྱང་རྒྱལ་ཁམས་གོ་
    ཟེར་བའི་དཔེ་དེ་མ་རེད་དམ།