དྷ་སར་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་བྱས།

འཛམ་གླིང་ནང་རྒྱལ་ཁབ་མང་པོ་ཞིག་གིས་འཕྲུལ་ལས་གསར་བཟོ་བྱས་ནས་རང་དབང་དང་དམངས་གཙོ་གོང་འཕེལ་གྱི་ཐབས་བྱུས་ཇེ་ལེགས་སུ་གཏོང་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་དེང་རབས་འཕྲུལ་ལས་གསར་བཟོ་བྱས་པ་བརྒྱུད་མི་མང་ལ་དྲག་གནོན་དང་དོ་དམ་བྱེད་པར་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་གི་སློབ་མ་སྟོང་ཕྲག་མང་པོས་རྒྱ་ནག་ནང་རང་དབང་དང་དམངས་གཙོ་དགོས་པའི་རེ་འདུན་བཏོན་ཏེ་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཞུང་ལ་ངོ་རྒོལ་བྱེད་སྐབས། སྲིད་གཞུང་གི་བཀའ་བཀོད་འོག་དྲག་ཆས་དམག་དཔུང་གིས་སློབ་མ་མང་པོ་དམར་གསོད་བཏང་སྟེ་ད་ལྟ་ལོ་ ༣༠ འཁོར་གྱི་ཡོད་སྟབས། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥།༤༠ ཡས་མས་སྟེང་། བཞུགས་སྒར་དྷ་རམ་ས་ལའི་(Club House)ཚོགས་ཁང་དུ། བོད་དོན་ལས་འགུལ་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག དྲུག་བཞིའི་དོན་རྐྱེན་བྱུང་སྟེ་ལོ་ངོ་ ༣༠ འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་བསྡུས་སོང་བ་དང་། ཚོགས་ཐོག་ཏུ་དྲུག་བཞིའི་དོན་རྐྱེན་ཁྲོད་དངོས་སུ་ཞུགས་མྱོང་མཁན་གྱི་རྒྱ་རིགས་ཁྲིམས་རྩོད་པ་སྐུ་ཞབས་ཐིན་པའོ་(Ten Biao)ལགས་དང་།  ཁ་ན་ཌའི་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་འཆི་མེད་ལྷ་མོ་ལགས། དེ་བཞིན་བོད་དང་ཐའེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་དང་བསྟན་རྡོར་ལགས་བཅས་གདན་ཞུས་གཏམ་བཤད་པ་ ༥ དང་། གཞན་ཡང་དོ་འཁུར་ཅན་གྱི་བོད་མི་དང་རྒྱ་གར་བ། ཕྱི་རྒྱལ་བ་ཁག་ཅིག་བཅས་འཛོམས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ལས་རིམ་ངོ་སྤྲོད་དང་འབྲེལ།  ལས་རིམ་དེ་བརྒྱུད་ནས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་རྣམས་ལ་རྒྱབ་སྐྱོར་དང་། དྲུག་བཞིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པའི་སློབ་ཕྲུག་དེ་དག་ལ་གདུང་སེམས་མཉམ་སྐྱེད་ཡོད་སྐོར་བརྗོད་སོང་། དེ་ནས་རྒྱ་རིགས་ཁྲིམས་རྩོད་པ་ཐིན་པའོ་ལགས་ཀྱིས། ཕྱི་ནས་བལྟས་ན་རྒྱ་ནག་དེ་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ནའང་།  དོན་དུ་དྲུག་བཞིའི་དོན་རྐྱེན་གྱི་ཁྲག་དྲི་བྲོ་བའི་དམར་གསོད་ཀྱི་བྱ་ངན་དེའི་དབང་གིས།  རྒྱ་ནག་མི་མང་གི་རྩ་བའི་ཐོབ་ཐང་ཆ་ཚང་འཕྲོག་ཡོད་པ་མ་ཟད། རྒྱ་ནག་ནང་དུ་ངལ་རྩོལ་མི་མང་གིས་ཁྲིམས་མཐུན་གྱི་ཆིག་སྒྲིལ་ཚོགས་པ་གཅིག་ཀྱང་འཛུགས་ཆོག་གི་མེད་པར་བརྟེན།  རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབ་དེ་དམར་ཤོག་ཚོགས་པའི་སྒེར་གཅོད་ཀྱི་དབང་ཆའི་འོག་ཏུ་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བའི་ནང་།  བཙན་རྒྱལ་གྱི་སྟོབས་ཤུགས་ནི་མེ་མདའི་རྩེ་ན་ཡོད་པའི་བཤད་སྲོལ་ཡོད་པ་བཞིན།   རྒྱ་ནག་གིས་མི་ལོ་ཉི་ཤུའི་སྤྱི་ཚོགས་བདེ་འཇགས་ཀྱི་སླད་དུ་མི་འབོར་ས་ཡ་གཉིས་དམར་གསོད་བཏང་ཡོད། ཅེས་བརྗོད་སོང་།

དེ་ནས་འཆི་མེད་ལྷ་མོ་ལགས་ཀྱིས། རྒྱ་ནག་གིས་བོད་ནང་ཙམ་དུ་མ་ཟད།  རང་དབང་གི་སྤྱི་ཚོགས་ཁ་ན་ཌའི་སྤྱི་ཚོགས་དང་ཤེས་ཡོན་གྱི་ལྟེ་གནས་ཕྱོགས་ཡོངས་ཀྱི་ནང་དུ་ཡང་རྒྱ་ནག་གིས་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད།  མོ་རང་ཁ་ན་ཌའི་གཙུག་ལག་སློབ་ཆེན་གྱི་སློབ་མའི་ཚོགས་གཙོར་བདམས་ཐོན་བྱུང་མ་ཐག   ཕྱི་ཕྱོགས་ཀྱི་རྒྱ་རིགས་སྟོང་ཕྲག་མང་པོས་མོ་དང་མོའི་ནང་མི་ཡོངས་ལ་འཇིགས་སྐུལ་བྱས་ཏེ།  བཙན་གཡེམ་དང་ངན་གསོད་ཀྱི་འཇིགས་སྐུལ་བྱས་པ་མ་ཟད།  ཁྱེད་རང་གསོད་བྱེད་ཀྱི་མདེའུ་དེ་རྒྱ་ནག་ནང་ནས་བཟོས་པ་རེད་དང་། ནམ་ཞིག་ངས་ཁྱེད་རང་མཐོང་མ་ཐག་རྡུང་རྡེག་གཏོང་གི་ཡིན་ཞེས་པའི་འཇིགས་སྐུལ་བྱས་སོང་། རྒྱལ་སྤྱིའི་སྟེང་ནས་རྒྱ་ནག་གིས་གནོན་ཤུགས་སྤྲོད་བཞིན་པ་དེར་ཁ་གཏད་གཅོག་དགོས་པ་མ་ཟད།   རྒྱ་ནག་དམར་ཤོག་ཚོགས་པའི་བརྙས་བཅོས་རང་བཞིན་དེ་ནམ་ཡང་ལམ་ལྷོངས་བྱུང་གི་མ་རེད། ཅེས་བརྗོད་སོང་།བཀྲ་ཤིས་ཚེ་རིང་ལགས་ཀྱིས། བཙན་བྱོལ་གྱི་མི་ལོ་དྲུག་བཅུའི་རིང་གི་འཐབ་རྩོད་དང་འབྲེལ་ནས་བོད་མི་ཚོས་མུ་མཐུད་བོད་དོན་འཐབ་རྩོད་བྱ་རྒྱུ་གལ་ཆེན་ཡིན་པ་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་དང་འབྲེལ་ནས་བརྗོད་དོན། ངའི་ཕ་མ་གཉིས་ཀྱིས་བོད་ཡུལ་མིག་གིས་མ་མཐོང་ནས་འདས་གྲོངས་སུ་གྱུར་ཟིན་ནའང་།  མི་ཐོག་གཉིས་པ་ཚོས་ཐོག་མའི་འཐབ་རྩོད་ཀྱི་དམིགས་འབེན་མ་བོར་བའི་ཐོག་ནས་ནུས་ཤུགས་ཡོད་རྒུ་རྩ་དོན་ཐོག་འདོན་གྱི་ཡོད་པ་དང་། ད་ལྟའི་ཆར་གཞོན་སྐྱེས་འཐབ་རྩོད་པ་མང་པོ་ཞིག་ཡོང་གི་ཡོད་པ་ནི་གདེང་སྤོབས་སྐྱེས་འོས་པ་ཞིག་རེད་ལ། ང་ཚོས་ནང་ཁུལ་གྱི་ལངས་ཕྱོགས་ཅུང་ཙམ་མི་འདྲ་བ་དེར་མགོ་འཐོམ་མ་བསྡད་པར་བོད་སྤྱི་བའི་རྩ་དོན་ཐོག་ནུས་པ་སྤུངས་རྒྱུ་གལ་ཆེན་ཆགས་ཡོད། ཅེས་བརྗོད་སོང་།

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གནམ་བདེ་སྒོ་མོ་ཆེའི་མིང་གི་བྱུང་རིམ་དང་དྲུག་བཞིའི་དོན་རྐྱེན་སྐོར་གླེང་སྐབས། རྒྱ་ནག་གི་གོང་མ་ཚོ་ལྷ་ཡུལ་ནས་མི་ཡུལ་དུ་མི་མང་གི་དབང་འཛིན་ཆེད་བཏང་བར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་གོང་མ་ཚོ་ཐད་ཀར་ལྷ་ཡུལ་ནས་བཏང་བ་ཡིན་པས་དེའི་ཕོ་བྲང་གི་མདུན་གྱི་ཐང་ལ་གནམ་བདེ་སྒོ་མོ་ཆེ་ཟེར་གྱི་ཡོད་པ་དང་། སྒོ་ཆེན་འདི་ནས་ཡར་ལྷ་ཡུལ་ལ་འགྲོ་ཡི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན། རྒྱ་ནག་གི་བསམ་བློའི་ནང་དབང་འཛིན་ཁོ་ནའི་འོག་འདུག་དགོས་པ་ལས་དམངས་གཙོ་དང་རང་དབང་ཟེར་བ་ཞིག་ཁྱོན་ནས་ཡོད་པ་མ་རེད། ཅེས་དང་། དྲུག་བཞིའི་དོན་རྐྱེན་འདི་ཐོག་མར་ཕྱི་ཟླ་ ༤ ནང་བྱུང་ཡོད་སྐོར་དང་། དོན་རྐྱེན་ནང་སློབ་ཕྲུག་མི་གྲངས་ས་ཡ་ ༡ ལྷག་ཡོད་སྟབས། ཕྱི་ཟླ་ ༦ ཚེས་ ༣ ཉིན་གྱི་དགོང་མོར་རྒྱ་གཞུང་གིས་དམག་དཔུང་བཏང་སྟེ་དམར་གསོད་བཏང་ཡོད་སྐོར། དེ་བཞིན། དྲུག་བཞིའི་དོན་རྐྱེན་བྱུང་སྐབས་ཁོང་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཡིན་པ་དང་། སློབ་གྲྭའི་ནང་ནས་དོན་བཞིའི་དོན་རྐྱེན་སྐོར་ལ་ལྟ་སྐབས། རྒྱ་ནག་གིས་སོ་སོའི་བུ་ཕྲུག་ཚོའི་ཐོག་མེ་མདའ་རྒྱག་གི་ཡོད་པར་ཐོག་མར་ཡིད་ཆེས་མ་བྱས་སྐོར་སོགས་བརྗོད་སོང་།

བསྟན་རྡོར་ལགས་ཀྱིས།   དེང་སང་གི་རྒྱ་ནག་གི་བྱེད་བབ་དེ་ནི་ལོ་རབས་སུམ་བཅུའི་སྟོད་དུ།   འཇར་མན་གྱི་བཀག་སྐྱིལ་ཁང་དུ་མི་མང་སྡེབ་གསོད་ཀྱི་བྱེད་ལས་སྣ་ཚོགས་བརྩམས་ཡོད་པ་ལྟར། ཁ་སང་དེ་རིང་རྒྱ་ནག་ནང་དུའང་ཡུ་གུར་མི་རིགས་ས་ཡ་གཉིས་ཙམ་བཀག་སྐྱིལ་གྱིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད།   འཛམ་གླིང་ནང་རྒྱལ་ཁབ་མང་པོ་ཞིག་གིས་འཕྲུལ་ལས་གསར་བཟོ་བྱས་ནས་རང་དབང་དང་དམངས་གཙོ་གོང་འཕེལ་གྱི་ཐབས་བྱུས་ཇེ་ལེགས་སུ་གཏོང་བཞིན་ཡོད་ན་ཡང་། དེ་ལས་ཟློག་སྟེ་རྒྱ་ནག་གིས་དེང་རབས་འཕྲུལ་ལས་གསར་བཟོ་བྱས་པ་བརྒྱུད་མི་མང་ལ་དྲག་གནོན་དང་དོ་དམ་བྱེད་པར་བེད་སྤྱོད་བྱེད་བཞིན་ཡོད། ཅེས་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༥/༣༡

Leave a Reply

One thought on “དྷ་སར་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་བྱས།

  1. ༄།བོད་མི་རྣམས་ཀྱི་ཀྱང་དྲུག་བཞི་དོན་རྐྱེན་རྗེས་དྲན་བྱས་རྒྱུ་གལ་ཆེ་བས་གོ་སྒྲིག་པ་དང་མཉམ་ཞུགས་མཁན་རྣམས་ལ་ཡིད་རང་ཞུ།དམར་གསོད་སྒོ་མོ་ཆེའི་མདུན་དུ་ཚེ་སྲོག་ཤོར་བའི་སློབ་ཕྲུག་རྣམས་ལ་མྱ་ངན་དང་ནང་མི་སྤུན་ཆེན་ཚོ་ལ་གདུང་སེམས་མཉམ་སྐྱེད་ཞུ།