རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་མགོ་ཚུགས་སོང་།

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་དེ་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མཉམ་ཞུགས་བྱས་པའི་རྩེད་འགྲན་རུ་ཁག་ ༢༣ བར་འགྲན་བསྡུར་བྱེད་རྒྱུ་ཡིན་པ་རེད། 
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ སྟེང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་༢༥པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་།དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་རྩེད་འགྲན་པ་རྣམས་པ། དྷ་ས་ཁུལ་གྱི་སེར་སྐྱ་ལྟད་མོ་སོགས་ཁྱོན་མི་གྲངས་ ༢༠༠༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སངས་རྒྱས་རྡོ་རྗེས་ལགས་ནས་ཕེབས་བསུའི་གསུང་བཤད་དང་འབྲེལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྐོར་ལ་ཁོང་གིས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དེ་ཕྱི་ལོ་ ༢༠༠༢ ལོ་ནས་དབུ་འཛུགས་བྱས་ཏེ་ད་ལྟའི་བར་ལོ་ངོ་ཧྲིལ་བོ་ ༡༨ འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དེ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་འོག་ལ་སོང་ནས་ལོ་གཅིག་ཙམ་འགྲོ་བཞིན་ཡོད་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་དྷ་ས་ཁུལ་དུ་རྒྱུན་ལས་ ༧ ཙམ་ཡོད་པ་དང་། གཞན་རྩེད་རིགས་ཚོགས་པར་ཨ་རི་དང་ཡོ་རོབ། དབྱིན་ཡུལ་བཅས་ནས་ཡན་ལག་ཚོགས་མི་བཙུགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནས་ད་ལྟ་བར་རྩེད་རིགས་ཚོགས་པར་རོགས་རམ་ཧ་ཅང་གནང་བཞིན་ཡོད་པ་དང་། རྩེད་རིགས་ཚོགས་པའི་ངོས་ནས་ལོ་རེར་བོད་མིའི་སྤྱི་ཚོགས་སུ། རྐང་སྤོལ་དང་ལག་རྩེད་སྤོ་ལོ་ཚུད་པའི་རྩེད་མོ་མང་པོ་ཞིག་གོ་སྒྲིག་གི་ལས་འགུལ་སྤེལ་བཞིན་ཡོད་སྐོར་དང་། ཐེངས་འདིའི་རྐང་སྤོལ་རྩེད་འགྲན་སྟེང་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་བལ་ཡུལ་བཅས་ནས་རུ་ཁག་མང་པོ་ཞིག་འཛུལ་ཞུགས་གནང་སོང་བ་དང་། རྩེད་འགྲན་སྐབས་རྩེད་མོ་རྩེད་མཁན་དང་ལྟད་མོ་བ་གཉིས་ཀྱི་ངོས་ནས་འགན་འཁུར་ཏེ་ཡ་རབས་ཀུན་སྤྱོད་ལྡན་པའི་ངང་རྩེད་དགོས་པའི་འབོད་སྐུལ་སོགས་གནང་སོང་།
དེའི་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་སྤྱིར་ལས་དོན་གང་ཞིག་སྒྲུབ་ན་ཡང་འཕྲོད་བསྟེན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། འཕྲོད་བསྟེན་མེད་པ་ཡིན་ན་ལས་དོན་གང་ཡིན་ཡང་སྒྲུབ་དགོས་བསམ་ཀྱང་འགྲུབ་དཀའ་བ་དང་། དེ་ལས་རྩེད་མོའི་རིགས་དེ་འཕྲོད་བསྟེན་དང་འབྲེལ་བ་ཡོད་པ་གཙོ་བོ་ཞིག་ཆགས་ཡོད་སྟབས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་མ་སྐུལ་དང་བླངས་ཀྱིས་ལོ་རེ་བཞིན་རྩེད་འགྲན་ཆེན་མོ་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་བཞིན་པར་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་། དེ་བཞིན་ཕྱོགས་གཅིག་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱ་ཆེའི་མི་མང་ངོས་ནས་རྒྱབ་སྐྱོར་བྱས་པ་ཡིས་ལས་དོན་ཁག་ལེགས་འགྲུབ་ཡོང་གི་ཡོད་པ་རེད། དེ་བཞིན་དེ་རིང་འདིར་རྩེད་འགྲན་རུ་ཁག་ ༢༣ ཡོད་པ་དང་། རྩེད་འགྲན་མཐར་མར་ཐོབ་ཤོེར་ཟེར་བ་ཆོས་ཉིད་ཅིག་ཡིན་སྟབས། རྩེད་འགྲན་པ་དང་རྒྱ་ཆེའི་ལྟད་མོ་བ་ཡོངས་ནས་ཡ་རབས་ཚུལ་མཐུན་དང་། ཀུན་སྤྱོད་དང་ལྡན་པའི་ངང་ནས་རྩེད་འགྲན་བྱེད་རྒྱུ་སོགས་གལ་ཆེན་ཡིན་སྐོར་གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གཉིས་ལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲན་རྟེན་དུས་དེབ་སྤྱན་འབུལ་དང་། རྩེད་འགྲན་རུ་ཁག་རྣམས་ངོ་སྤྲོད་དང་དྷ་སྟེང་བོད་ཁྱིམ་ཟློས་དགེ་ཟླ་བ་བཀྲིས་ལགས་ནས་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གླུ་གཟིགས་འབུལ་རྗེས། ཕྱི་ལོ་ ༢༠༡༩ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༥ དངོས་སུ་མགོ་འཛུགས་གནང་སོང་བ་དང་། འདི་ལོ་རྩེད་འགྲན་ཁྲོད་འཛུལ་ཞུགས་གནང་མཁན་ཁྲོད་རྒྱ་གར་དང་བལ་ཡུལ། བྱང་ཨ་རི་དང་ཡོ་རོབ་བཅས་ནས་ཁྱོན་རྩེད་འགྲན་རུ་ཁག་ ༢༣ མཉམ་ཞུགས་གནང་ཡོད་པ་དང་།  རྩེད་སྟེང་གི་རིམ་པ་རེ་སྐོར་ལམ་ལུགས་དང་ཕམ་རིམ་བཞིན་ཕྱིར་འཐེན་(Leagu cum knock out system )གྱིས་རྩེད་འགྲན་ཞུ་རྒྱུ་ཡིན་པ་དང་། རྩེད་འགྲན་རུ་ཁག་རེར་ཉུང་མཐར་ཐེངས་གཉིས་རེ་རྩེད་རྒྱུའི་གོ་སྐབས་ཡོད་འདུག

དེ་རིང་རྩེད་འགྲན་གྱི་ཐོག་མར་མོན་གྷོ་རུ་ཁག་དང་དྷ་ས་རུ་ཁག་གཉིས་བར་འགྲན་བསྡུར་གནང་སོང་བ་དང་། སྔར་ལོ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ནང་འགྲན་བསྡུར་བྱས་ཏེ། མཐའ་མའི་འགྲན་བསྡུར་སྐབས་མོན་གྷོ་རྐང་སྤོལ་རུ་ཁག་དང་སྒང་ཏོག་རྐང་སྤོལ་རུ་ཁག་གཉིས་བར་འགྲན་སྡུར་གྱིས་སྒང་ཏོག་རུ་ཁག་གིས་སྤོ་ལོ་བླུགས་ཐུབ་མེད་པ་དང་མོན་གྷོ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་ཨང་དང་པོ་མོན་གྷོ་རུ་ཁག་ཆགས་ཡོད་པ་རེད། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ནི་ཕྱི་ལོ་༡༩༨༡ལོ་ཐོག་མར་དབུ་འཛུགས་གནང་ཡོད་པ་དང་ ཕྱི་ལོ་༢༠༠༢ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོགལོ་ལྟར་བཙན་བྱོལ་བོད་མིའི་ས་གནས་ཁག་འདྲ་མིན་ནང་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། རྐང་སྤོལ་རྩེད་འགྲན་འདི་བཙན་བྱོལ་བོད་མིའི་རྐང་སྤོལ་རྩེད་འགྲན་ཆེ་ཤོས་སུ་གྱུར་ཏེ་ལོ་ལྟར་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་ཁག་ནས་བོད་མིའི་རྐང་སྤོལ་རུ་ཁག་མང་པོ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

བོད་ལ་རྐང་རྩེད་སྤོ་ལོ་དར་ཁྱབ་ཕྱིན་པའི་ལོ་རྒྱུས་ལྟར་ན། ཕྱི་ལོ་༡༩༠༤ལོར་དབྱིན་ཇིའི་དཔུང་དམག་གིས་བོད་ལ་བཙན་འཛུལ་བྱས་ཏེ།བོད་ནུབ་ཁུལ་གྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་བའི་རྒྱལ་རྩེ་རྫོང་དུ་དབྱིན་ཇིས་ཚོང་ལས་དང་དམག་དོན་གྱི་རྟེན་གཞི་བཙུགས་ནས་གནས་སྡོད་བྱས་ཡོད་པ་དང་།སྤྲོ་སྐྱིད་གཏོང་སྐབས་སོགས་སུ་རྒྱལ་རྩེའི་སྐྱིད་ནག་ཐང་དུ་ཁོ་ཚོས་རྐང་རྩེད་སྤོ་ལོ་དང་རྟ་ཐོག་སྤོ་ལོ་རྩེ་ཡི་ཡོད་སྟབས།རིམ་གྱིས་རྒྱལ་རྩེ་རུ་གནས་བྱས་པའི་བོད་ཀྱི་སྐུ་དྲག་དང་ཚོང་པའི་བུ་ཕྲུག་ཚོས་རྐང་རྩེད་སྤོ་ལོ་དཔེ་གསར་གྱི་རྩེད་མོ་ཞིག་ཏུ་མཐོང་སྟེ།ཕྱི་རྒྱལ་ནས་ཆེད་མངགས་ཉོས་ཡོང་བའི་རྐང་སྤོལ་ངོ་མ་དང་རས་ཀྱིས་བཟོས་པའི་སྤོ་ལོ་སོགས་རྩེས་ནས་འགྲན་སྡུར་བྱེད་སྲོལ་དར་ཡོད་འདུགཡིན་ནའང་།སྐུ་དྲག་གི་བུ་ཕྲུག་ཚོས་པ་ལྕོག་སྟེང་གི་གའུ་དང་རྣ་རྒྱན་སོགས་ལུས་ཀྱི་རིན་ཆེན་རྒྱན་ཆ་རྣམས་བཀྲོལ་ཏེ་རྐང་སྤོལ་རྩེད་འགྲན་ནང་ཞུགས་སྐབས།ཁྱིམ་མིས་བཀྲ་མི་ཤིས་པའི་རྣམ་རྟོག་དང་སྤྱི་ཚོགས་ནང་མཐོང་སྣང་མ་ལེགས་པ་མང་པོ་བྱུང་སྟེ་གླེང་རྙོག་བསླེབས་པ་མ་ཟད།སྐབས་དེའི་སེར་མོ་བའི་སྡེའི་ནང་དུའང་རྐང་རྩེད་སྤོ་ལོར་དགའ་མོས་གནང་མཁན་མང་པོ་བྱུང་ཡོད་སྟབས།བསླབ་པ་སློབ་གཉེར་ལ་འགོག་རྐྱེན་བཟོ་ཡི་ཡོད་པའི་ངོ་རྒོལ་གནང་ཡོད་འདུགའོན་ཀྱང་།འབྱོར་ཕྱུག་དང་དབང་ཐང་ལྡན་པའི་གཞོན་ནུ་ཚོའི་དགའ་མོས་ཁྲོད་རྐང་རྩེད་སྤོ་ལོ་འགོག་ཐུབ་མེད་པ་མ་ཟད།རིམ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་རུའང་དར་མགོ་བརྩམས་ནས་སྐུ་དྲག་གི་རུ་ཁག་དང་ཏར་ཁང་རུ་ཁགསློབ་མའི་རུ་ཁགལྷ་སར་ཡོད་པའི་བལ་པོའི་ཚོང་པའི་རུ་ཁག་སོགས་ཕྱི་གླིང་པའི་རུ་ཁག་བཅས་རྐང་རྩེད་སྤོ་ལོའི་རུ་ཁག་བཅུ་གྲངས་ཤིག་བྱུང་ཞིང་།རེས་གཟའ་ཉི་མ་རྟག་པར་ལྷ་སའི་རྩེ་དྲུང་གླིང་ག་རུ་འགྲན་སྡུར་བྱེད་སྲོལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༠༥/༣༡

Leave a Reply

2 thoughts on “རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་མགོ་ཚུགས་སོང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྡ་སའི་བུ་ཁྱིམ་རྩེད་ཐངས་དུ།
    བཙན་བྱོལ་བོད་མིའི་རྐང་རྩེད་འཛོམས།
    ཀོ་ལི་གྷལ་གྱི་སྟག་ཕྲུག་ངར་མ་ཚོ།
    ཌོ་ལ་ལྡར་གྱི་རི་བོ་འགུལ་དུ་བཅུག།
    རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་དེ།
    ལྷོ་ཕྱོགས་གཞིས་ཆགས་ཀོ་ལི་གྷལ་དུ་གདན་འདྲེན་ཞུ།
    Play is work and work is play god bliss
    Our TIGHERS.

  2. ༄།རྒྱལ་ཡུམ་ཆེན་་མོ་རྗེས་དྲན་མིང་དོན་དང་མཐུན་པ་ཞིག་ཡོང་བའི་ཆེད་དུ་རྩེད་འགྲན་པ་དང་གཟིགས་མོ་བ་ཡོངས་ཀྱི་རྙོག་གླེང་རིགས་མི་ཡོང་བ་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་འཇུགས་སྒྲུལ་རྒྱུ་བསམ་ཤེས་བྱས་དགོས།